༸གོང་ས་མཆོག་མུམ་སྦ་ཡི་རུ་ཆིབས་བསྒྱུར་གནང་འཆར་ཡོད་པ།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་གྲོང་ཁྱེར་མུམ་བྷ་ཡེ་ཁུལ་ཆིབས་བསྒྱུར་གནང་རྒྱུའི་མཛད་འཆར་ཡོད་འདུག
-
2010-12-25 -
-
-
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག ཟླ་བ་འདིའི་ཚེས་༡༢ ནས་བཟུང་ཐོག་མར་རྒྱ་གར་བྱང་ཤར་ཀ་སྦུག་ཁུལ་དང་། དེ་ནས་རིམ་པས་འབྲས་ལྗོངས་ཀྱི་ར་བྷང་ལ་དང་། རྒྱལ་ས་སྒང་ཏོག། ནུབ་བྷང་ཀ་ལིའི་ས་ལུ་གྷར་ས་ཁུལ་བཅས་པར་ཆོས་འབྲེལ་དང་ཚན་རིག་གི་བགྲོ་གླེང་ལྷན་ཚོགས་དབུ་འབྱེད་གནང་བ་སོགས་མཛད་འཕྲིན་ཁག་ལེགས་པར་གྲུབ་གནང་ནས། འདི་ཚེས་སུམ་བཅུ་ཉིན་རྒྱ་གར་ལྷོ་ཕྱོགས་ཀེ་ར་ལའི་མངའ་སྡེའི་ནང་མཛད་འཕྲིན་བསྐྱང་གནང་རྒྱུ་ཡིན་པ་རེད།
ཡང་མཛད་འཆར་གཞིར་བཟུང་ལྟར་ན། ཕྱི་ལོ་ ༢༠༡༡ ཕྱི་ཟླ་དང་པོའི་ཚེས་དགུ་ཉིན་རྒྱལ་ས་ལྡི་ལིའི་ནང་། ཏུ་ཤི་ཏ་ནང་པའི་ཆོས་ཚོགས་ནས་གོ་སྒྲིག་ཞུས་པའི་བདེ་སྐྱིད་ཀྱི་གནས་རིམ་འདྲ་མིན་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་བསྩལ་གནང་རྒྱུ་ཡིན་པ་དང་། དེ་ནས་ཚེས་བཅུ་གཉིས་ནས་བཅུ་དྲུག་བར་ཉིན་གྲངས་ལྔའི་རིང་གནས་མཆོག་ཝ་ར་ན་སིར་སྤྱོད་མཇུག་ཆེན་མོ་དང་། སློབ་དཔོན་ཀ་མ་ལ་ཤི་ལས་མཛད་པའི་སྒོམ་རིམ་བར་མའི་གསུང་ཆོས་བཀའ་འཁྲིད་བསྩལ་གནང་རྒྱུ་བཅས་ཀྱི་མཛད་འཆར་ཡོད་འདུག
ཡང་ཁ་ས་དྲི་ཨེན་ཨེ་ཞེས་པའི་གསར་ཤོག་ནང་གནས་ཚུལ་སྤེལ་བར་གཞིགས་ན། གྲོང་ཁྱེར་མུམ་བྷ་ཡེ་ནང་། མུམ་བྷ་ཡེ་གཙུག་ལག་སློབ་གཉེར་ཁང་ནས་གདན་ཞུས་ལྟར་ཁུལ་དེའི་དགེ་ལས་དང་སློབ་ཕྲུག་ཡོངས་ལ་ཕྱི་ཟླ་གཉིས་པའི་ཚེས་བཅོ་བརྒྱད་ཉིན་གནའ་བོའི་ཤེས་རབ་དང་། དེང་དུས་ཀྱི་བསམ་བློ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྒྱུ་ཡིན་འདུག དེ་ཡང་གཙུག་ལག་སློབ་གཉེར་ཁང་དེའི་སྤྱི་ཁྱབ་དྲོག་དྲར་རཇ་པལ་ ཧན་དྲེ་མཆོག་གིས། ང་ཚོས་༧གོང་ས་ཏཱ་ལའི་བླ་མ་མཆོག་གདན་ཞུ་ཕུལ་བ་ལྟར་ཞལ་བཞེས་ཟབ་མོ་གནས་སོང་ལ་ཁོང་འདི་ཁུལ་ཆིབས་བསྒྱུར་གནང་བའི་སྐབས་གསུང་བཤད་གནང་རྒྱུ་ཙམ་མ་ཡིན་པར་མཛད་རིམ་གཞན་ཁག་ཅིག་ཀྱང་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་ཡོད་པ་རེད།།