༧གོང་ས་མཆོག་གིས་ཉི་ཧོང་དུ་ཡང་སྲིད་སྐོར་དྲི་ལན་བསྩལ།
བོད་ཀྱི་སྲོལ་རྒྱུན་ཐོག་ལ་འདྲི་བ་བཀོད་རྒྱུའི་ཚབ་ཏུ་མའོ་ཙེ་ཐུང་དང་ཏེང་ཞའོ་པིང་གི་ཡང་སྲིད་འཚོལ་དགོས་ཀྱི་རེད་ཅེས་བཀའ་གནང་འདུག
-
2011-10-31 -
-
-
༄༅༎རེས་གཟའ་སྤེན་པའི་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་གི་རྒྱལ་ས་ཀྲོ་ཀི་ཡོའི་རྒྱལ་སྤྱིའི་གནམ་ཐང་དུ་ཆིབས་བསྒྱུར་གནང་སྐབས་གསར་འགོད་པས་༸གོང་ས་མཆོག་གི་ཡང་སྲིད་སྐོར་བཀའ་འདྲི་ཞུས་པར་ རྒྱ་ནག་གི་དམར་ཤོག་ཚོགས་པས་ཆོས་ལ་ཡིད་ཆེས་བྱེད་ཀྱི་མེད་ཀྱང་ཏྰ་ལའི་བླ་མའི་ཡང་སྲིད་འཚོལ་རྒྱུའི་ལས་དོན་རྩོམ་འདོད་བྱེད་ཀྱི་ཡོག་རེད་ ད་ནི་ཏྰ་ལའི་བླ་མ་ཆབ་སྲིད་ཀྱི་དབུ་ཁྲིད་ཅིག་མ་རེད་ གལ་ཏེ་རྒྱ་ནག་གཞུང་དོན་དངོས་ཐད་ཁ་ཞེ་གཉིས་མེད་ཡིན་ན་ དང་པོ་ཆོས་ལ་ཡིད་ཆེས་བྱེད་དགོས་ཀྱི་རེད་ དེ་ལས་ཡག་པ་ ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཐད་རྒྱ་ནག་གཞུང་གིས་ བོད་ཀྱི་སྲོལ་རྒྱུན་ཐོག་ལ་འདྲི་བ་བཀོད་རྒྱུའི་ཚབ་ཏུ་མའོ་ཙེ་ཐུང་དང་ ཏེང་ཞའོ་པིང་གི་ཡང་སྲིད་འཚོལ་དགོས་ཀྱི་རེད་ཅེས་བཀའ་གནང་ཡོད་པ་རེད་ ཕྱི་ལོ་ ༢༠༡༢ ལོར་འཕོ་འགྱུར་འགྲོ་རྒྱུའི་རྒྱ་ནག་གི་མ་འོངས་པའི་འགོ་ཁྲིད་ཚོའི་སྐོར་བཀའ་འདྲི་ཞུས་པའི་བཀའ་ལན་དུ་༸གོང་ས་མཆོག་གིས་ ཧུའུ་ཇིན་ཏའོས་ སྲིད་འཛིན་འགན་འཁུར་བཞེས་སྐབས་ ཁོང་གིས་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་གི་རེད་སྙམ་པའི་ངའི་ངོས་ནས་རེ་བ་དེ་འདྲ་བྱས་པ་ཡིན་བསམ་གྱི་ཡོད་ ཡིན་ནའང་ མི་ལོ་ ༡༠ ཕྱིན་པའི་རྗེས་སུའང་རྒྱ་ནག་ནང་འཆམ་མཐུན་ཡོད་མེད་ཁྱེད་རང་ཚོས་ཧ་གོ་དོན་གསལ་རེད་ཅེས་བཀའ་ལན་གནང་འདུག་ རྒྱ་ནག་ནང་ འཆམ་མཐུན་གྱི་སྤྱི་ཚོགས་འཛུགས་རྒྱུའི་དམིགས་ཡུལ་དེ་ཡག་པོ་རེད་ ཡིན་ནའང་དེ་འདྲའི་སྤྱི་ཚོགས་འཛུགས་རྒྱུའི་ཐབས་བྱུས་དེ་ཡང་དག་པ་ཞིག་མ་རེད་ སྤྱི་ཚོགས་ནང་འཆམ་མཐུན་འཛུགས་རྒྱུའི་ལྡེ་མིག་ལྟ་བུ་དེ་མི་རྣམས་ཀྱི་སེམས་ཀྱི་གཏིང་ནས་ཡིད་ཆེས་ཐོན་དགོས་ཀྱི་རེད་ ཡིད་ཆེས་དང་འཇིགས་སྣང་གཉིས་མཉམ་དུ་བསྐྱོད་ཐུབ་ཀྱི་མ་རེད་ དེ་འདྲ་སོང་ཙང་རྒྱ་ནག་གི་མ་འོངས་པའི་འགོ་ཁྲིད་ཚོས་རྒྱ་ནག་ནང་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་སྲིད་དང་ སྲིད་མིན་ད་ལྟ་ཤོད་ཡག་ཏོག་ཙམ་སྔ་དྲག་པ་རེད་ཅེས་གསུང་གནང་ཡོད་པ་རེད།