༧གོང་ས་མཆོག་གིས་ཡོ་རོབ་ཁུལ་ཆིབས་བསྒྱུར་མཛད་འཆར།

༧གོང་ས་མཆོག་ཕྱི་ཟླ་ ༥ ཚེས་ ༡༦ ནས་ ༢༦ བར་ཡོ་རོབ་ཁུལ་ཆིབས་བསྒྱུར་མཛད་འཆར་སྐྱོང་གནང་མཛད་རྒྱུ་ཡིན་འདུག།

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ ཕྱི་ཟླ་ ༥ ཚེས་ ༡༦ ནས་ ༢༦ བར་ཡོ་རོབ་ཁུལ་ཆིབས་བསྒྱུར་མཛད་འཆར་སྐྱོང་གནང་མཛད་རྒྱུ་ཡིན་འདུག།
ཐེངས་འདིའི་ཉིན་གྲངས་བཅུ་གཅིག་གི་ཆིབས་བསྒྱུར་དེའི་རིང༌། ཤར་ཡོ་རོབ་ཁུལ་གྱི་རྒྱལ་ཁབ་ སོལ་ཝེ་ནི་ཡ་དང༌། ཨའོསི་ཊིིརི་ཡ། སྦེལ་ཇམ་བཅས་སུ་ཆིབས་བསྒྱུར་ཞབས་སོར་འཁོད་གནང་མཛད་རྒྱུ་ཡིན་ཞིང༌། ཕྱི་ཚེས་ ༡༦ ཉིན་སོལ་ཝེ་ནི་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོང་ཁྱེར་ མ་རི་བོར་རུ་སེམས་ཀྱི་ཞི་བདེ་བསྐྲུན་ཐབས་ཞེས་པའི་བརྗོད་གཞིའི་སྒོ་ནས་མང་ཚོགས་ལ་བཀའ་སློབ་གསུང་བཤད་སྩལ་གནང་མཛད་རྒྱུ་ཡིན་འདུག། 
ཐེངས་འདིའི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཆར་མང་ཤོས་ཨའོསི་ཊིརི་ཡའི་ཁུལ་དུ་སྐྱོང་མཛད་རྒྱུ་ཡིན་འདུག་ཅིང༌། དེ་ཡང་ཕྱི་ཚེས་ ༡༨ དང་ ༡༩ ཉིན་གྲངས་གཉིས་རིང་ཨའོསི་ཊིརི་ཡ་བོད་ཀྱི་བསྟི་གནས་ཁང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ ས་གནས་ ཀེ་ལེ་གེན་ཕཀྲ་ རུ་ཤེས་རབས་སྙིང་པོ་དང༌། ཇོ་བོ་རྗེ་དཔལྡན་ཨ་ཏི་ཤས་མཛད་པའི་བྱང་ཆུབ་ལམ་སྒྲོན་། ༧རྒྱལ་མཆོག་སྐལ་བཟང་རྒྱ་མཚོས་མཛད་པའི་ལྟ་ཁྲིད་དྲན་པ་བཞི་ལྡན་བཅས་ཀྱི་སྒོ་ནས་གསུང་ཆོས་དང༌། སངས་རྒྱས་སྨན་བླའི་རྗེས་སྣང་བཅས་སྩོལ་གནང་མཛད་རྒྱུ་ཡིན་འདུག། ཕྱི་ཚེས་ ༢༠ ཉིན་གྲོང་ཁྱེར་དེའི་ནངམང་ཚོགས་ལ་བདེ་སྐྱིད་ཀྱི་སྒྱུ་རྩལ་ཞེས་པའི་བརྗོད་གཞིའི་སྒོ་ནས་བླང་དོར་གྱི་བཀའ་སློབ་སྩོལ་གནང་མཛད་རྒྱུ་མཛད་འཆར་ཡོད་པ་རེད།
དེ་ནས་མཛེས་སྡུག་ལྡན་ལ་ལོ་རྒྱུས་ཀྱི་རང་བཞིན་ཆེན་པོ་ལྡན་པའི་གྲོང་ཁྱེར་སོལཛི་སྦག་ཏུ་ཆིབས་བསྒྱུར་གྱིས། ཨའོསི་ཊི་རི་ཡའི་བོད་ཀྱི་བསྟི་གནས་ཁང་དང་ སོལཛི་སྦག་གཙུག་ལག་སློབ་གྲྭ་ཆེན་མོའི་རིག་གཞུང་མི་འདྲ་བའི་ཆོས་ལུགས་རིག་པ་དང་ཆོས་ལུགས་སློབ་གཉེར་ཁང༌། ཨེལ་པ་ཡིན་ཞི་བདེ་ཚོགས་པ་ཐོུང་གིས་གོ་སྒྲིག་ཞུས་པའི་འཛམ་གླིང་ཞི་བདེ་དང་འཇིག་རྟེན་ཀུན་ཁྱབ་འགན་འཁུར་ཞེས་པའི་བརྗོད་གཞིའི་ཐོག་གི་མང་ཚོགས་བགྲོ་གླེང་གི་ཚོགས་མགོན་དུ་ཞབས་སོར་འཁོད་གནང་མཛད་རྒྱུ་དང༌། ཕྱེ་ཚེས་ ༢༡ ཉིན་གྲོང་ཁྱེར་དེ་གའི་ནང་ཚུགས་རྒྱུའི་འཛམ་གླིང་ནང་གི་ཆོས་ལུགས་འདྲ་མིན་ཕན་ཚུན་གྱི་འབྲེལ་བ་དང་མཐུན་སྒྲིལ་གོང་འཕེལ་གཏོང་ཐབས་སུ་དམིགས་པའི་ཚོགས་འདུའི་ཐོག་ལྷན་ཞུགས་གནང་རྒྱུ་ཡིན་འདུག།
དེ་ནས་སྦེལ་ཇམ་གྱི་གྲོང་ཁྱེར་རྙིང་ཤོས་ ཧུའི་ནང་ཡོད་པའི་ཡོན་ཏན་གླིང་བསྟི་གནས་ཁང་ནས་གོ་སྒྲིག་གིས། ཁུལ་དེའི་མང་ཚོགས་ལ་སྤྱི་ཚོགས་ཡག་པོ་ཞིག་བསྐྲུན་ཐབས་ཀྱི་འཆར་སྣང་དང་ལམ་སྟོན་ཞེས་པའི་བརྗོད་གཞིའི་སྒོ་ནས་བཀའ་སློབ་སྩལ་གནང་མཛད་རྒྱུ་ཡིན་འདུག།
དེ་ནས་ཕྱི་ཚེས་ ༢༥ ཉིན་ ཨའོསི་ཊིརི་ཡའི་རྒྱལ་ས་ ཝིཡེ་ནར་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་དེབ་གསར་ཤོས། ཆོས་ལུགས་ཀྱི་རྒྱ་ལས་བརྒལ་བ་དེང་དུས་སྤྱི་ཚོགས་ལ་མཁོ་བའི་བཟང་སྤྱོད་དང་འགྲོ་བ་མིའི་རིན་ཐང་ཞེས་པའི་བརྗོད་གཞིའི་སྒོ་ནས་མང་ཚོགས་ལ་བཀའ་སློབ་གསུང་བཤད་དང༌། ཕྱི་ཚེས་ ༢༦ ཉིན་ བོད་ཀྱི་བསྟི་གནས་དང༌། ཝིཡེ་ན་གཙུག་ལག་སློབ་གཉེར་ཁང་ཐོུང་ནས་གོ་སྒྲིག་ཞུས་ཐོག་ སེམས་དང་དངོས་པོ། དོན་དམ་གྱི་དཔེ་གསར་ཞེས་ནང་པ་དང་ཚན་རིག་དབར་གྱི་བགྲོ་གླེང་གི་གཙོ་མགོན་དུ་ལྷན་ཞུགས་མཛད་རྒྱུ་སོགས་ཀྱི་མཛད་དུ་མ་ཞིག་སྐྱོང་གནང་མཛད་རྒྱུ་ཡིན་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org