འགྲོ་བ་མིའི་རིགས་གཅིག་མཚུངས་ཞེས་པའི་གསུང་འཕྲིན།
༧གོང་ས་མཆོག་ནས་གོ་ལའི་ཨཕ་རི་ཀ་ཨུ་བུན་ཏུ་ལྷན་ཚོགས་ཐོག་འགྲོ་བ་མིའི་རིགས་གཅིག་མཚུངས་ཞེས་པའི་གསུང་འཕྲིན་ཞིག་སྩལ་བ།
-
2011-11-15 -
-
-
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཉེ་ཆར་ལྷོ་ཨཕ་རི་ཀར་ཚུགས་པའི་གོ་ལའི་ཨཕ་རི་ཀ་ཨུ་བུན་ཏུ་ལྷན་ཚོགས་ཐོག་འགྲོ་བ་མིའི་རིགས་གཅིག་མཚུངས་ཞེས་པའི་གསུང་འཕྲིན་ཞིག་སྩལ་གནང་མཛད་ཡོད་པ་དང༌། གསུང་འཕྲིན་དེའི་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ འཛམ་གླིང་འདིའི་ནང་གི་དཀའ་ངལ་དང་ འཁྲུག་རྩོད་ འཇིགས་སྣང་སོགས་བྱུང་བའི་རྒྱུ་གཙོ་བོ་ཞིག་ནི་ ང་ཚོས་འགྲོ་བ་མི་རིགས་ཡོངས་རྫོགས་གཅིག་མཚུངས་ཡིན་པ་རྟོགས་མ་ཐུབ་པ་དེ་ཡིན་པ་བཀའ་གནང་ཡོད་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་དེའི་ནང་མུ་འཐུད་ དེང་གི་འཛམ་གླིང་གི་གནས་བབ་འདིའི་ཐོག་ ང་ཚོས་འགྲོ་བ་མི་རིགས་གཅིག་མཚུངས་ངོས་འཛིན་དགོས་གལ་ཆེ་ལ་ ང་ཚོའི་དབར་ཕྱི་ཚུལ་མི་འདྲ་བ་ཡོད་པ་ཙམ་ལས་ མི་སུ་འདྲ་ཞིག་ཡིན་ཡང་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་པ་དེ་དྲན་དགོས་ཀྱི་རེད་ཅེས་དང་ འདས་པའི་དུས་སུ་ སྤྱི་ཚོགས་བྱེ་བྲག་པ་ཞིག་གིས་ རང་ཉིད་ཀྱི་སྤྱི་ཚོགས་དེ་སྤྱི་ཚོགས་གཞན་ལས་ཡོངས་སུ་ཐ་དད་པ་ཡིན་པ་བསམ་ན་ཡང་དེ་ཙམ་གྱི་མ་འགྲིག་པ་མེད་པར་མ་ཟད་ སྤྱི་ཚོགས་འགའ་ཤས་སྤྱི་ཚོགས་གཞན་སུ་དང་ཡང་འབྲེལ་བ་མེད་པར་གནས་ཐུབ་ཀྱི་ཡོད་པ་རེད། འོན་ཀྱང་དེང་སྐབས་ ས་ཁུལ་གཅིག་ནང་བྱུང་བའི་གནས་ཚུལ་གྱི་རྐྱེན་པས་ས་ཁུལ་གཞན་དུ་ཡང་དེའི་ཤུགས་རྐྱེན་སྔ་ཕྱི་མ་གཏོགས་སླེབས་རྒྱུ་ངེས་པ་ཡིན་སྟབས་ ཕན་ཚུན་ལྟོས་གྲུབ་ཆེ་བའི་གནས་སྟངས་འདིའི་འོག་ རང་ཉིད་ཀྱི་ཁེ་ཕན་དེ་གཞན་གྱི་ཁེ་ཕན་ལ་རག་ཆེན་པོ་ལུས་པ་ནི་ཧ་ཅང་གི་གསལ་པོ་རེད་ཅེས་བཀའ་གནང་ཡོད་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་བའི་གསུང་འཕྲིན་དེ་ ལྷོ་ཨཕྷ་རི་ཀའི་སྐུ་ཚབ་དོན་གཅོད་བསོད་ནམས་བསྟན་འཛིན་ལགས་ཀྱིས་ཚོགས་འདུའི་ཐོག་སྒྲོགས་སྦྱང་ཞུས་ཤིང༌། ལྷོ་ཨཕ་རི་ཀའི་ཡེ་ཤུའི་ཆོས་དཔོན་ཨར་ཅི་སྦི་ཤོབ་ཊུ་ཊུ་མཆོག་ནས་ཀྱང་བརྙན་འཕྲིན་ཐོག་གསུང་འཕྲིན་ཞིག་གནང་ཡོད་ལ་ ལྷན་ཚོགས་དེའི་ཐོག་འཛམ་གླིང་ས་ཕྱོགས་གང་ས་ནས་མི་བརྒྱད་བརྒྱ་ཙམ་མཉམ་ཞུགས་གནང་ཡོད་པ་རེད།