བོད་རྒྱའི་དཀའ་རྙོག་སེལ་ཆེད་དབུ་མའི་ལམ་ལ་འགྱུར་བ་མེད།
༸གོང་ས་མཆོག་གིས་བོད་རྒྱའི་དཀའ་རྙོག་སེལ་ཕྱོགས་ཐད་འཚེ་མེད་ཞི་བ་དང་ལམ་དབུ་མའི་ལྟ་གྲུབ་ལ་འགྱུར་བ་གང་ཡང་མེད་གསལ་འདོན།
-
2012-04-26 -
-
-
༄༅༎བོད་མིིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ བོད་རྒྱའི་དཀའ་རྙོག་སེལ་ཕྱོགས་ཐད་ འཚེ་མེད་ཞི་བ་དང་ལམ་དབུ་མའི་ལྟ་གྲུབ་ལ་འགྱུར་བ་གང་ཡང་མེད་པའི་སྐོར་གསལ་འདོན་གནང་འདུག་༎
ཕྱི་ཟླ་འདིའི་ཚེས་༢༣ནས་༢༥བར་ཉིན་གྲངས་གསུམ་གྱི་རིང་ཨ་རིའི་གྲོང་ཁྱེར་ཆི་ཁ་གོ་ རུ་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་རྒྱལ་སྤྱིའི་ལྷན་ཚོགས་ཐེངས་༡༢པ་སྐོང་ཚོགས་གནང་ཡོད་པ་དང་ ཁ་ས་ལྷན་ཚོགས་ཀྱི་མཇུག་སྡོམ་མཛད་སྒོའི་ཐོག་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལྷན་ཞུགས་མཛད་ཡོད་པ་རེད་ ཞི་བདེའི་གཟེངས་རྟགས་བཞེས་མཁན་རྣམས་ཀྱི་རྒྱལ་སྤྱིའི་ལྷན་ཚོགས་མཇུག་སྒྲིལ་བའི་རྗེས་ གོང་ས་མཆོག་གིས་ གསར་འགོད་ལྷན་ཚོགས་སར་དབུ་མའི་ལམ་གྱི་ལྟ་གྲུབ་ལ་འགྱུར་བ་གང་ཡང་མེད་པ་སོགས་རྒྱ་བོད་འབྲེལ་བའི་གནས་བབ་སྐོར་འགྲེལ་བརྗོད་གནང་བཞག་ དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ ཉེ་བའི་དུས་སུ་བོད་ནང་གི་གནས་སྟངས་ཧ་ཅང་སྡུག་པོ་ཆགས་ཡོད་ཀྱང་ ང་ཚོའི་ལངས་ཕྱོགས་ལ་འགྱུར་བ་གང་ཡང་མེད་ལ་ བོད་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་རྩོད་ལེན་བྱ་རྒྱུ་ནི་ དངོས་ཡོད་ཀྱི་གནས་ཚུལ་དང་མི་མཐུན་པ་མ་ཟད་ འཚེ་མེད་ཞི་བའི་ལྟ་གྲུབ་གཞིར་བཟུང་སྟེ་ དབུ་མའི་ལམ་གྱི་སྲིད་ཇུས་ལ་ བོད་མི་བརྒྱ་ཆ་༩༠ཙམ་གྱི་རྒྱབ་སྐྱོར་ཞུ་ཡི་ཡོད་པ་དང་ བཙན་བྱོལ་ནང་གནས་འཁོད་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དབུ་འཁྲིད་རྣམ་པ་ཚོས་ བོད་ལ་དོན་སྙིང་ལྡན་པའི་རང་སྐྱོང་གི་གནས་བབ་བསྐྲུན་རྒྱུར་རྒྱ་ནག་གཞུང་དང་དོན་སྙིང་ལྡན་པའི་གྲོས་མོལ་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་རེད་ཅེས་གསལ་འདོན་གནང་བཞག་ ཡང་༸གོང་ས་མཆོག་གིས་མུ་མཐུད་གསུངས་པར་ ང་ཚོས་རྒྱ་ནག་གཞུང་དང་སྔ་རྗེས་འབྲེལ་མོལ་ཐེངས་མང་བྱས་ཀྱང་ དེར་རྒྱ་ནག་གཞུང་ནས་བཟང་ཕྱོགས་ཀྱི་རྣམ་པ་མཚོན་པའི་ཡ་ལན་གྱི་གྲུབ་འབྲས་སོན་མེད་ཀྱང་ ཆབས་ཅིག་བརྒྱུད་རིམ་དེའི་ཐོག་ནས་ ཕྱི་སྡོད་རྒྱ་རིགས་མང་ཚོགས་ཁྲོད་དང་ལྷག་པར་དུ་རྒྱ་རིགས་མཁས་དབང་དང་སློབ་ཕྲུག་ཚོའི་ཁྲོད་ དངོས་ཡོད་བོད་ཀྱི་གནས་སྟངས་སྐོར་གོ་རྟོགས་གསར་སྤེལ་བྱུང་ཞིང་ཡོད་པ་དེ་ལྟར་ཡང་བཟང་ཕྱོགས་ཀྱི་གྲུབ་འབྲས་ཤིག་ཡིན་པའི་སྐོར་འགྲེལ་བརྗོད་གནང་བཞག་༎