༸གོང་ས་མཆོག་ནས་གནམ་གཤིས་འགྱུར་ལྡོག་སྐོར་བཀའ་སློབ།

༸གོང་ས་མཆོག་ནས་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་འགྲོ་བཞིན་པའི་གནས་སྟངས་དེར་གདོང་ལེན་བྱ་རྒྱུ་གལ་ཆེ་བའི་སྐོར་བཀའ་གནང་བ།

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་འགྲོ་བཞིན་པའི་གནས་སྟངས་དེར་གདོང་ལེན་བྱ་རྒྱུ་དེ་ནི་འཛམ་གླིང་ཁྱོན་ཡོངས་ཀྱི་ལས་འགན་ཞིག་ཡིན་པ་བཀའ་གནང་བཞག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨོ་སི་ཀྲོ་ལི་ཡའི་ནང་ཞབས་སོར་འཁོད་བཞིན་པ་དང་ད་རེས་གཟའ་ཟླ་བའི་ཉིན་ཨོ་སི་ཀྲོ་ལི་ཡའི་ནང་གསར་འགོད་ལྷན་ཚོགས་ཐོག་འཁོར་ཡུག་གནད་དོན་སྐོར་བཀའ་གནང་བར་ སྲིད་དོན་མི་སྣ་ཚོས་འཁོར་ཡུག་འགྱུར་ལྡོག་འགྲོ་བཞིན་པའི་དཀའ་ངལ་སེལ་ཐབས་སུ་ངེས་པར་དུ་དོ་སྣང་དགོས་གལ་ཆེ་བ་དང་སྐབས་རེ་སྲིད་དོན་པ་ཚོའི་གལ་འགངས་ཆེ་ཤོས་དང་དོ་སྣང་བྱེད་ས་ཨང་དང་པོ་དེ་རྒྱལ་ནང་གི་གནད་དོན་དང་དཔལ་འབྱོར་གྱི་གནད་དོན་དེ་རྗེས་གཞི་ནས་སའི་གོ་ལའི་ཚ་དྲོད་རྒྱས་བཞིན་པའི་གནད་དོན་ཐོག་དོ་སྣང་འཇོག་གི་ཡོད་པ་དང་ཡིན་ནའི་ད་ཆ་གནས་སྟངས་དེར་འགྱུར་བ་ཞིག་བཏང་ནས་འཁོར་ཡུག་གནས་སྟངས་དེ་བཞིན་ལས་དོན་ཨང་དང་པོར་འཇོག་དགོས་པ་གལ་འགངས་ཆེན་པོ་ཞིག་ཡིན་པའི་དགོངས་བཞེས་གནང་གི་ཡོད་པ་བཀའ་གནང་ཡོད་པ་རེད་ ཡང་༸གོང་ས་མཆོག་ནས་འཁོར་ཡུག་འགྱུར་ལྡོག་གི་དཀའ་ངལ་སེལ་རྒྱུར་རྒྱལ་ཁབ་སོ་སོའི་གཞུང་གིས་གདོང་ལེན་བྱེད་དགོས་པ་མ་ཟད་མི་སེར་སོ་སོས་ཀྱང་རང་ནུས་གང་ཡོད་ཀྱིས་འཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས་པའི་སྐོར་བཀའ་གནང་ཏེ་༸གོང་ས་མཆོག་སྐུ་ཉིད་ཀྱིས་ཀྱང་སྐུ་གཟུགས་སིལ་བའི་སྐབས་ཆུ་མང་པོ་བྱེད་སྤྱོད་མི་གནང་བ་དང་གཟིམ་ཁང་ནང་སྐུ་བཞུགས་མི་གནང་བའི་སྐབས་གློག་ཚང་མ་བསད་གནང་ཏེ་འཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་དེ་༸གོང་ས་མཆོག་སྐུ་ཉིད་ཀྱི་སྐུ་ཚེའི་ལས་འགན་གལ་ཆེ་ཤོས་ཀྱི་གྲས་ཤིག་ལ་འཇོག་གནང་མཛད་ཀྱི་ཡོད་པ་བཞིན་ཚང་མས་ འཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་དེ་གལ་འགངས་ཆེན་པོ་ཞིག་ལ་རྩིས་དགོས་པའི་སྐོར་བཀའ་གནང་བཞག ཨོ་སི་ཀྲོ་ལི་ཡ་དེ་བཞིན་འཛམ་གླིང་ནང་ནས་མཁའ་དབྱིངས་སུ་སྦག་བཙོག་བཟོ་མཁན་ཤུགས་ཆེ་བའི་གྲས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་དང་རིང་མིན་ཌེན་མཀ་ཀྱི་རྒྱལ་ས་ཀོ་པེན་ཧ་གེན་ནང་ཚོགས་རྒྱུའི་རྒྱལ་སྤྱིའི་འཁོར་ཡུག་གནད་དོན་ལྷན་ཚོགས་ཀྱི་གོང་ཨོ་སི་ཀྲོ་ལི་ཡ་གཞུང་གིས་འཁོར་ཡུག་སྦག་བཙོག་ཉུང་དུ་གཏོང་རྒྱུའི་ལས་དོན་ཁག་སྤེལ་རྒྱུར་གྲོས་ཚོགས་གོང་མས་གཟའ་འཁོར་སྔོན་མ་ནས་ཐག་གཅོད་བྱུང་ཟིན་ཡོད་པ་རེད་།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org