༧གོང་ས་མཆོག་བཞུགས་སྒར་དུ་ཕྱིར་ཕེབས།

༧གོང་ས་མཆོག་ཁེ་ཎ་ཌ་དང་ལྷོ་ཨ་མི་རི་ཀའི་ཡུལ་གྲུ་ཁག་ཅིག་ནང་ཆིབས་བསྒྱུར་ལེགས་གྲུབ་ཀྱིས་བཞུགས་སྒར་དུ་ཕྱིར་ཕེབས་གནང་ཟིན་འདུག

༄༅༎སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཁེ་ཎ་ཌ་དང་ ལྷོ་ཨ་མི་རི་ཀའི་ཡུལ་གྲུ་ཁག་ཅིག་ནང་ཆིབས་བསྒྱུར་ལེགས་གྲུབ་ཀྱིས་བཞུགས་སྒར་དུ་ཕྱིར་ཕེབས་གནང་ཟིན་འདུག༎
རེས་གཟའ་ཟླ་བའི་ཉིན་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གྷ་གྷལ་གནམ་ཐང་དུ་ཕེབས་འབྱོར་སྐབས་བཀའ་བློན་ཁྲི་པ་བློ་བཟང་སེངྒེ་མཆོག་དང་གྲོས་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་རྣམ་གཉིས་གཙོས་པའི་བོད་མི་དང་ ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་དང་ས་གནས་ཀྱི་ཡུལ་མི་བཅས་ཀྱིས་ཕེབས་བསུ་ཞུས་གནང་འདུག ཐེངས་འདིའི་ཉིན་བཅུ་གསུམ་གྱི་ཆིབས་བསྒྱུར་སྐབས་༧གོང་ས་མཆོག་ཁེ་ཎ་ཌ་དང་མེཀྶི་ཀོ་ དང་ ཨརྗན་ཊི་ཎ་ བྭ་ར་ཛིལ་ བཅས་སུ་ཞབས་སོར་འཁོད་དེ་དད་ལྡན་ཆོས་ཞུ་བ་ཁྲི་ཚོ་མང་པོར་གསུང་ཆོས་དང་གསུང་བཤད་གནང་ཡོད་རེད། ཨརྗན་ཊི་ཎའི་ནང་ཆོས་ཞུ་བ་ཁྲི་གསུམ་འདུ་འཛོམས་བྱས་པ་དེ་ནི་ད་བར་གྱི་འདུ་འཛོམས་དེ་རིགས་ཆེ་ཤོས་ཤིག་ཡིན་པ་དང་འདུ་འཛོམས་སར་༧གོང་ས་མཆོག་གིས་ཡུལ་དེའི་འཛམ་གླིང་ནྭེ་བྭེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ ཨ་ཌོལ་ཕོ་ ཕེརེཛེ་  ཨིསེ་ཁྱུཝེལ་ཀྱང་མཇལ་འཕྲད་གནང་འདུག། བཞུགས་སྒར་དུ་ཕྱིར་ཕེབས་རྗེས་མཛད་འཆར་དང་པོ་དེ་ཐའེ་ཝན་གྱི་ནང་པ་ཚོས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ཕྱི་ཟླ་བཅུ་པའི་ཚེས་གཅིག་ནས་ཉིན་བཞིའི་རིང་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་ཆོས་དབྱིངས་བསྟོད་པའི་གསུང་ཆོས་གནང་གཏན་འཁེལ་འདུག༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org