བཙན་བྱོལ་བོད་མིའི་འོས་བསྡུ་དང་འབྲེལ་བའི་གསར་གནས།
སི་ཀྲེན་ཕོདྲ་ཞེས་གཙུག་ལག་སློབ་གྲ་ཆེན་མོའི་བོད་གནས་མཁས་ཅན་བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱི་སྐོར།
-
2011-04-19 -
-
-
༄༅༎ཨ་མི་རི་ཀའི་གྲོང་ཁྱེར་ཀེ་ལི་ཕོར་ནི་ཡ་ནང་རྟེན་གཞི་བྱས་པའི་སི་ཀྲེན་ཕོདྲ་ཞེས་གཙུག་ལག་སློབ་གྲ་ཆེན་མོའི་བོད་གནས་མཁས་ཅན་བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་བཙན་བྱོལ་བོད་གཞུང་གི་སྐབས་གསུམ་པའི་བཀའ་བློན་ཁྲི་པའི་འོས་བསྡུའི་ནང་གྲུབ་འབྲས་ཇི་བྱུང་སྐོར་མགྱོགས་མྱུར་ཤེས་རྟོག་ཡོང་རྒྱུ་ཡིན་པ་རེད་ཅེས་སི་ཀྲེན་ཕོདྲ་གསར་འགྱུར་བརྒྱུད་ལམ་ནང་གནས་ཚུལ་སྤེལ་འདུག
འདི་ལོ་ཕྱི་ཟླ་གསུམ་པའི་ཚེས་༢༠ཉིན་བཙན་བྱོལ་ནང་ཡོད་པའི་སེར་སྐྱ་མི་མང་ཁྲི་བརྒྱད་ལྷག་ཙམ་མཉམ་ཞུགས་ཀྱི་ཐོག་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པའི་དངོས་གཞིའི་འོས་བསྡུ་གནང་ཡོད་ཅིང་མཐའ་མའི་འོས་བསྡུའི་གྲུབ་འབྲས་དེ་བཞིན་ཟླ་བ་འདིའི་ཚེས་༢༧ཉིན་ཕྱི་བསྒྲགས་མ་གནང་གོང་སུར་རྒྱལ་ཁ་འཐོབ་མིན་ཐོག་ད་ཆ་སུས་ཀྱང་ཤེས་རྟོགས་གསལ་པོ་མེད་པ་རེད་ཅེས་སི་ཀྲེན་ཕོདྲ་ཞེས་པའི་གཙུག་ལག་སློབ་གྲ་ཆེན་མོ་དེའི་བོད་གནས་མཁས་ཅན་བཀའ་བློན་ཁྲི་ཟུར་བཀྲས་ཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་སི་ཀྲེན་ཕོདྲ་གསར་ཤོག་ཐོག་གསལ་སྟོན་གནང་ཡོད་པ་རེད་ ཡང་བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་ད་རེས་ཀྱི་འོས་བསྡུའི་ལས་འགུལ་དེའི་ནང་མཉམ་ཞུགས་གནང་མཁན་རྒྱ་གར་དང་ བལ་ཡུལ་ལ་སོགས་པའི་ས་གནས་མང་དག་ཅིག་གི་མི་མང་མཉམ་ཞུགས་ཡོད་སྟབས་ས་གནས་ཁག་གི་ཐོག་ནས་འོས་བསྡུའི་གྲངས་བཤེར་རིམ་བཞིན་གནང་བཞིན་ཡོད་པ་རེད་ཅེས་གོང་ཞུས་གསར་ཤོག་ཐོག་གསལ་སྟོན་གནང་འདུག སྤྱིར་བོད་མི་ས་ཡ་དྲུག་ཡོད་པ་ནས་བོད་ཀྱི་ཕྱི་ཕྱོགས་སུ་ཁྱོན་བོད་མི་ཆིག་འབུམ་ལྔ་ཁྲི་ཙམ་གནས་ཡོད་པ་རེད་ རྩ་བའི་ད་རེས་འོས་བསྡུའི་ནང་ཞུགས་མཁན་བོད་མི་དེ་ཙམ་གྱིས་མང་པོ་མེད་ཀྱང་བོད་ནང་དུ་ཡོད་པའི་བོད་མི་ཚོས་བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ཀྱིས་བཙན་བྱོལ་སྤྱི་ཚོགས་ཇི་འདྲ་ཞིག་གསར་འཛུགས་གནང་ནས་དེའི་ནང་སློབ་གྲ་ཁག་དང་ དགོན་སྡེ་ཁག་ དེ་བཞིན་ང་ཚོའི་མང་གཙོའི་ལམ་ལུགས་དང་ དེ་མིན་བོད་ཀྱི་ཆོས་དང་ རིག་གཞུང་སོགས་རྒྱལ་སྤྱིའི་ནང་རྒྱ་ཁྱབ་འདོན་སྤེལ་གང་འདྲ་ཞིག་གནང་ཐུབ་མིན་གྱི་གནས་སྟངས་གསལ་པོ་མཁྱེན་རྟོགས་བྱུང་ཡོད་པ་རེད་ཅེས་ཀྱང་བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་སི་ཀྲེན་ཕོདྲ་གསར་ཤོག་ཐོག་གསལ་སྟོན་གནང་ཡོད་པ་རེད་