༸གོང་ས་མཆོག་ནས་ཐའེ་ལྦན་དུ་རྐྱེན་འདས་ཕྱིན་པ་ཚོར་ཐུཌ་སྨོན
༸གོང་ས་མཆོག་གིས་ཐའེ་ལྦན་གྱི་དྲག་ཆར་རླུང་འཚུབ་ཀྱི་གནོད་འཚེའི་འོག་རྐྱེན་འདས་སུ་ཕྱིན་པ་ཚོར་ཐུགས་སྨོན་གནང་ཡོད་པ་རེད།
-
2009-08-31 -
-
-
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐའེ་ལྦན་གྱི་དྲག་ཆར་རླུང་འཚུབ་ཀྱི་གནོད་འཚེའི་འོག་རྐྱེན་འདས་སུ་ཕྱིན་པ་ཚོར་ཐུགས་སྨོན་གནང་ཡོད་པ་རེད།
དེ་ཡང་གཟའ་ཟླ་བའི་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ད་རེས་ཐའེ་ལྦན་ལྷོ་ཕྱོགས་ཁུལ་དྲག་ཆར་རླུང་འཚུབ་ཀྱི་གནོད་འཚེ་ཕོག་ཡུལ་ཚབས་ཆེ་ཤོས་ཀྱི་ཀའོ་ཞུང་རྫོང་ཁོངས་ཀྱི་ཞའོ་ལིང་གྲོང་ཚོར་ཕེབས་ནས་གྲོང་ཚོ་དེའི་ནང་དྲག་ཆར་རླུང་འཚུབ་ཀྱི་ཚབས་ཆེའི་གནོད་འཚེའི་འོག་ས་རུད་རྒྱབ་ནས་མི་གྲངས་ལྔ་རྒྱ་ལྷག་ཙམ་ས་འོག་ཏུ་ལུས་ནས་རྐྱེན་འདས་སུ་ཕྱིན་པ་ཚོར་ཐུགས་སྨོན་གསོལ་འདེབས་དང་གསོན་པོ་ཚོར་བྱིན་རླབས་བསྩལ་རྒྱུར་གྲོང་ཚོ་དེའི་ནང་ཆིབས་བསྒྱུར་བསྐྱངས་ཡོད་ཅིང་༸གོང་ས་མཆོག་གིས་དུས་ཡུན་སྐར་མ་བཅོ་ལྔ་ཙམ་རིང་གཤིན་པོ་ཚོར་ཐུགས་སྨོན་གནང་ཡོད་པ་དང་༸གོང་ས་མཆོག་ཞལ་མཇལ་དུ་བཅར་མཁན་ལྦང་མིང་ལིང་ཟེར་བའི་གཞོན་སྐྱེས་ཤིག་གིས་ཕེ་རན་སི་གསར་འགྱུར་བརྒྱུད་ལམ་གྱི་གསར་འགོད་པར་བརྗོད་དོན་ལ་ཁོ་པའི་ནང་མི་སྤུན་མཆེད་བཅུ་བཞི་ད་རེས་ཀྱི་ས་རུད་འོག་ཚེ་སྲོག་ཤོར་བར་བརྟེན་སེམས་སྡུག་ཆེན་པོ་བྱུང་ཡོད་པ་དང་ཡིན་ནའི་༸གོང་ས་མཆོག་གི་ཞལ་མཇལ་བྱུང་བའི་རྗེས་ཁོ་པའི་སེམས་པའི་ནང་བློ་བདེ་དང་ཞི་བའི་ཚོར་སྣང་ཆེན་པོ་ཞིག་བྱུང་ཞེས་བརྗོད་འདུག ད་རེས་༸གོང་ས་མཆོག་གནོད་འཚེ་ཕོག་ཡུལ་དུ་ཆིབས་བསྒྱུར་བསྐྱངས་པའི་སྐབས་ལམ་ཁར་ཐའེ་ལྦན་མི་མང་མང་པོས་ལག་ཏུ་མཇལ་དར་འཁྱེར་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་དང་ཡིན་ནའི་ས་གནས་མི་མང་བཅུ་གྲངས་ཤིག་གིས་རྒྱལ་ཁབ་ཁ་བྲལ་གཏོང་རྒྱུར་ངོ་རྒོལ་ཟེར་བའི་ཕྲེད་དར་འཕྱར་ནས་ངོ་རྒོལ་གྱི་རྣམ་འགྱུར་བཏོན་ཡོད་ཅིང་དེའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དེ་ནི་དམངས་གཙོའི་རྣམ་པ་མཚོན་པ་ཞིག་ཡིན་པས་མི་མང་ཚོར་རང་ཉིད་ཀྱི་ལྟ་ཚུལ་བཏོན་པའི་དབང་ཆ་ཡོད་པ་རེད་ཅེས་གསར་འགོད་པའི་འདྲི་བར་བཀའ་ལན་བསྩལ་གནང་མཛད་ཡོད་པ་རེད།