ཨའོསི་ཀྲེ་རི་ལི་ཡའི་སྲིད་སྐྱོང་ལ་ཐུགས་གསོའི་གསུང་འཕྲིན།
༧གོང་ས་མཆོག་ནས་ཨའོསི་ཀྲརེ་ལི་ཡའི་ནང་ཆུ་ལོག་གི་གོད་ཆགས་ཤུགས་ཆེ་བྱུང་བར་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་གནང་མཛད་འདུག
-
2011-01-11 -
-
-
༄༅༎ཨའོསི་ཀྲརེ་ལི་ཡའི་མངའ་སྡེ་ཁུའིན་སི་ལེནདྲ་གྱི་ནང་བར་སྐབས་ཆར་པ་ཚད་ལས་བརྒལ་བ་བབས་སྟེ་ཆུ་ལོག་གི་གོད་ཆགས་ཤུགས་ཆེ་བྱུང་བར་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་མངའ་སྡེའི་སྲིད་སྐྱོང་ཨེ་ན་སྦ་ལའེའི་མཚན་ཐོག་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་གནང་མཛད་འདུག།
གསུང་འཕྲིན་དེའི་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ ཁྱེད་ཀྱི་མངའ་སྡེའི་ནང་ད་བར་བྱུང་མྱོང་མེད་པའི་ཆུ་ལོག་གི་རྐྱེན་པས་མི་རྒྱུ་གཉིས་ལ་གོད་ཆགས་ཚབས་ཆེ་ཕོག་སྟེ་ མངའ་སྡེའི་མི་དམངས་ལ་སྡུག་བསྔལ་ཆེན་པོ་བྱུང་བར་ངོས་རང་བློ་ཕམ་བྱུང། འོན་ཀྱང་ཨའོསི་ཀྲརེ་ལི་ཡའི་གཞུང་ཕྱོགས་ནས་ཆུ་ལོག་གོད་ཆགས་ཀྱི་གནད་དོན་ལ་གདོང་ལེན་གནང་རྒྱུ་དང་ ལྷག་པར་དུ་ངལ་སྐྱོབ་ལས་དོན་ཐད་གྲ་སྒྲིག་ཧ་ཅང་བཟང་པོ་ཡོད་པར་བསྔགས་བརྗོད་ཞུ་རྒྱུ་ཡིན་ཞེས་བཀའ་གནང་འདུག།
ད་དུང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་གནང་མཛད་པའི་གསུང་འཕྲིན་དེའི་ནང་ ངའི་ངོས་ནས་ཆུ་ལོག་གི་དོན་རྐྱེན་འོག་ཚེ་སྲོག་ཤོར་བ་ཚོ་དང་ ཡང་གོད་ཆགས་དེའི་འོག་དཀའ་སྡུག་མྱོང་བཞིན་པ་ཚོར་གསོལ་འདེབས་སྨོན་ལམ་རྒྱབ་བཞིན་ཡོད་ལ་ དེ་བཞིན་སྡོད་ཁང་གསར་རྒྱག་ལ་སོགས་པ་འཛུག་བསྐྲུན་སླར་གསོའི་ལས་གཞི་ཁག་གང་མགྱོགས་ལག་བསྟར་ཐུབ་པ་དང་ གོད་ཆགས་ཀྱི་རྐྱེན་ངན་འདི་དག་མྱུར་དུ་ཞི་བའི་རེ་བ་དང་སྨོན་ལམ་ཡོད་ཅེས་བཀའ་གནང་འདུག།
ཨའོསི་ཀྲེ་རི་ལི་ཡའི་ཁུའིན་སི་ལེནདྲ་གྱི་མངའ་སྡེའི་ནང་ཕྱི་ཟླ་བཅིུས་པའི་ཟླ་མཇུག་ཙམ་ནས་ཆར་པ་ཟམ་མི་ཆད་པ་བབས་སྟེ་ཆུ་ལོག་གི་གོད་ཆགས་ཚབས་ཆེ་བྱུང་བ་དང་སྡོད་ཁང་སྟོང་ཕྲག་མང་པོ་མེད་པར་གྱུར་ཞིང་ ད་བར་མི་བརྒྱད་རྐྱེན་འདས་སུ་སོང་བ་གསལ་རྟོགས་བྱུང་བ་དང་ དེ་མིན་མི་བརྒྱད་བཅུ་ཙམ་གར་སོང་ཆར་མེད་དུ་གྱུར་ཡོད་པ་རེད།
འོན་ཀྱང་གནམ་གཤིས་མུ་འཐུད་ངན་པ་བསྟེན་པ་དང་ཆར་པ་མུ་འཐུད་བབས་བཞིན་པའི་རྐྱེན་གྱིས་ངལ་སྐྱོབ་ལས་དོན་ལ་འགོག་རྐྱེན་ཆེན་པོ་བཟོ་བཞིན་ཡོད་ལ་ ཨའོསི་ཀྲརེ་ལི་ཡའི་གཞུང་གིས་རྐྱེན་འདས་སུ་ཕྱིན་པའི་མིའི་གྲངས་འབོར་ད་ལྟ་ཚོད་རྩིས་བྱེད་བཞིན་པ་ལས་ཞེ་དྲག་གི་མང་བ་འབྱུང་རྒྱུའི་ཚོད་དཔག་བྱེད་བཞིན་ཡོད་པ་རེད།