༸གོང་ས་མཆོག་གིས་ཊྲིར་ཀི་དང་སི་རི་ཡའི་ནང་ས་ཡོམ་གྱི་གོད་ཆག་ཕོག་པ་རྣམས་ལ་ཐུགས་གསོའི་གསུང་འཕྲིན་སྩལ་བ།
ངོས་ཀྱིས། ཏཱ་ལའི་བླ་མའི་ཐེབས་རྩ་བརྒྱུད་ནས་ངལ་སེལ་རོགས་སྐྱོར་ཆེད་ཞལ་འདེབས་གནང་དགོས་པ་རེ་སྐུལ་ཞུས་ཡོད་ཅེས་བཀའ་གནང་འདུག
- 2023-02-07
-
-
-
Your browser doesn’t support HTML5 audio
ཕྱི་ལོ་ ༢༠༢༣ ཟླ་བ་ ༢ པའི་ཚེས་ ༦ རེས་གཟའ་ཟླ་བའི་ཉིན་ཊྲིར་ཀིདང་སི་རི་ཡའི་བྱང་ཕྱོགས་སུ་ས་ཡོམ་ཤུགས་ཆེ་བརྒྱབ་པའི་རྐྱེན་གྱིས། རྒྱལ་ཁབ་གཉིས་ཀྱི་ཡུལ་མི་ ༥༠༠༠ ལྷག་གོད་ཆག་འོག་འདས་གྲོངས་སུ་གྱུར་བ་མ་ཟད། མི་མང་དུ་མ་ཞིག་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པར་བརྟེན། འདི་ཚེས་ ༧ ཉིན་གྱི་སྔོ་དྲོ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས། འཛམ་གླིང་ཟ་འབྲུ་འཆར་འགོད་ལྷན་ཁང་(World Food Programme )གི་འགན་འཛིན་ཚན་ཐོག་ནས་གོད་ཆག་དེའི་འོག་རྐྱེན་ལམ་དུ་ཤོར་བ་དང་རྨས་སྐྱོན་ཕོག་པ་རྣམས་ལ་ཐུགས་སྨོན་དང་ཤུལ་ལུས་ནང་མི་སྤུན་མཆེད་རྣམས་ལ་གདུང་སེམས་མཉམ་སྐྱེད་ཀྱི་ཐུགས་གསོའི་གསུང་འཕྲིན་སྩལ་བ་དང་སྦྲགས། ཏཱ་ལའི་བླ་མའི་ཐེབས་རྩ་བརྒྱུད་ཐུགས་བརྩེ་བ་ཆེན་པོས་ངལ་སེལ་རོགས་སྐྱོར་ཆེད་ཞལ་འདེབས་གསོལ་སྩལ་མཛད་འདུག
དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་བའི་ཐུགས་གསོའི་གསུང་འཕྲིན་ནང་། ངོས་ཀྱིས་གོད་ཆག་དེའི་འོག་རྐྱེན་འདས་སུ་ཤོར་བ་རྣམས་ཀྱི་ཆེད་དུ་བསྔོ་བ་སྨོན་ལམ་དང་། ཤུལ་ལུས་ནང་མི་སྤུན་མཆེད་རྣམས་ལ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ཡིན་ཞེས་འཁོད་འདུག་ཅིང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་འཕྲོད་བསྟེན་རུ་ཁག་དང་། གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག དེ་བཞིན་རྒྱལ་ཁབ་གཞན་མང་པོ་ཞིག་གིས། གོད་ཆག་ཕོག་ཡུལ་དུ་ངལ་སེལ་རོགས་སྐྱོར་གཏོང་གནང་གི་ཡོད་པ་དེ་ནི་སྙིང་སྟོབས་སྐྱེད་གཞི་དང་སེམས་འགུལ་ཐེབས་ཡུལ་གྱི་གཞི་རྩར་གྱུར་ཡོད་ཅེས་བཀའ་ཕེབས་འདུག
ཡང་གསུང་འཕྲིན་གྱི་མཐའ་མཇུག་ཏུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ད་ལྟ་གོད་ཆག་དེའི་དཀའ་སྡུག་གི་མྱོང་བཞིན་པའི་ཊྲིར་ཀིདང་སི་རི་ཡ་གཉིས་ཀྱི་མི་མང་ཚོར་གདུང་སེམས་མཉམས་སྐྱེད་མཚོན་སླད། ངོས་ཀྱིས། ཏཱ་ལའི་བླ་མའི་ཐེབས་རྩ་བརྒྱུད་ནས་ངལ་སེལ་རོགས་སྐྱོར་ཆེད་ཞལ་འདེབས་གནང་དགོས་པ་རེ་སྐུལ་ཞུས་ཡོད་ཅེས་བཀའ་གནང་འདུག
གཞན་ཡང་ཚེས་༦ ཉིན་གྱི་གོད་ཆག་ཕོག་ཡུལ་ས་ཁུལ་ཁག་ཏུ་ཉིན་གཅིག་ནང་ས་ཡོལ་རིམ་པ་༧།༨ དང་༧།༥ བཅས་ཐེངས་གཉིས་བརྒྱབ་པའི་རྗེས། གོང་ཞུས་རྒྱལ་ཁབ་གཉིས་ཀྱི་མི་མང་ ༥༠༠༠ ལྷག་རྐྱེས་འདས་སུ་ཤོར་འདུག་པ་དང་། མི་གྲངས་ ༡༥༠༠༠ ལྷག་ལ་རྨས་སྐྱོན་ཚབས་ཆེན་ཕོག་འདུག་པ་མ་ཟད། སྡོད་ཁང་དང་ཅ་དངོས་མང་པོ་གཏོར་བཤིགས་ཐེབས་འདུག
སྤྱིར་བཏང་ཊྲིར་ཀི་རྒྱལ་ཁབ་ལྟ་བུ་མཚོན། འཛམ་གླིང་ནང་ས་ཡོམ་གྱི་གོད་ཆག་བྱུང་སའི་ལྟེ་བའི་གྲས་ཤིག་ལ་ངོས་འཛིན་གནང་མུས་ཡིན་ཞིང་། དེ་སྔོན་ ༡༩༣༩ ལོར་ཁུལ་དེར་ས་ཡོམ་རིམ་པ་ ༧།༨ བརྒྱབ་པའི་རྗེས་འབྲས་སུ། མི་གྲངས་སྟོང་ཕྲག་ ༣༣ རྐྱེན་ལམ་དུ་ཤོར་ཡོད་འདུག
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།