༸གོང་ས་མཆོག་ལ་ཌ་ཡ་ལྦ་ཏི་མོ་ཌིའི་གཟེངས་རྟགས།
༧གོང་ས་མཆོག་ལ་རྒྱ་གར་གྱི་རིག་གཞུང་ཐེབས་རྩ་ལས་ཁང་ཞིག་གིས་འདི་ལོའི་ཌ་ཡ་ལྦ་ཏི་མོ་ཌི་ཞེས་པའི་བྱ་དགའ་དེ་འབུལ་བཞེས་གནང་འདུག
-
2011-12-03 -
-
-
༄༅༎བོད་མིའི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ད་བར་འཛམ་གླིང་ཞི་བདེ་དང༌།འགྲོ་བ་མིའི་ནང་ཁུལ་བཟོད་བསྲན། སྤྱི་དམངས་ཀྱི་ཐོབ་ཐང་བཅས་པ་གོང་འཕེལ་གཏོང་ཐབས་ཀྱི་མཛད་རྗེས་ལ་བསྔགས་བསྟོད་ཞུ་ཆེད། རྒྱ་གར་གྱི་རིག་གཞུང་ཐེབས་རྩ་ལས་ཁང་ཞིག་གིས། འདི་ལོའི་ཌ་ཡ་ལྦ་ཏི་མོ་ཌི་ཞེས་པའི་གཟེངས་བསྟོད་བྱ་དགའ་དེ། ༧གོང་ས་མཆོག་ལ་འབུལ་བཞེས་གནང་འདུག
དེ་ཡང་འདི་ཚེས་ ༢ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་བྱ་དགའ་འབུལ་བཞེས་ཀྱི་མཛད་སྒོ་ཞིག་བསྐྱང་པའི་ཐོག་མོ་ཌི་རིག་གཞུང་ཐེབས་རྩ་ཁང་གི་ཚོགས་གཙོ་ས་ཏིཤ་ཀུ་མའར་མོ་ཌི་ཡིས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ད་བར་འཛམ་གླིང་ཞི་བདེ་དང༌། མི་རིགས་དབར་བཟོད་བསྲན། སྤྱི་དམངས་ཀྱི་ཐོབ་ཐང་གོང་འཕེལ་གཏོང་ཐབས་བཅས་སུ་དམིགས་པའི་མཛད་རྗེས་ལ་བསྔགས་བསྟོད་དང་རྗེས་སུ་ཡི་རང་ཞུ་ཆེད། འདི་ལོའི་བྱ་དགའ་དེ་ཁོང་ལ་འབུལ་རྒྱུ་བྱུང་བ་དེ་ནི། མོ་ཌི་རིག་གཞུང་ཐེབས་རྩ་ཁང་གི་གཟི་བརྗིད་ཡིན་ཞེས་གསུངས་འདུག
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་དེའི་མཛད་སྒོར་མཉམ་ཞུགས་གནང་མཁན་མང་ཚོགས་རྣམས་ལ། བུད་མེད་ཀྱི་ནུས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གསུང་བཤད་བསྩལ་བའི་ནང༌། བྱམས་བརྩེ་དང་ལྡན་པའི་སྤྱི་ཚོགས་བསྐྲུན་ཐབས་སུ་བུད་མེད་ཚོར་རང་བཞིན་ལྷན་སྐྱེས་ཀྱི་ནུས་པ་ཞིག་ཡོད་རེད་ཅེས་དང༌། ཡང་རྒྱ་གར་མི་མང་ཚོས་སྤྱི་ཚོགས་ནང་ལྐོག་ཟ་རུལ་སུངས་མེད་པ་བཟོ་ཐབས་སུ་དོ་སྣང་ཆེ་ཙམ་བྱེད་དགོས་པ་ལས། ལྐོག་ཟའི་དོན་རྐྱེན་དེ་དག་མི་ཚེའི་ཆ་ཤས་ལྟ་བུར་ངོས་འཛིན་བྱེད་ན་མ་འགྲིག་པ་ཞིག་རེད། དེ་འདྲ་ཡིན་ཙང༌། ཉེ་ལམ་ནས་བཟུང་ཨ་ན་ཧ་ཛ་རེ་ཡིས་སྣེ་འཁྲིད་བྱས་པའི་ལྐོག་ཟ་རུལ་སུངས་མེད་པ་བཟོ་ཐབས་ཀྱི་ལས་འགུལ་དེར་ངོས་ནས་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་འདུག