༸གོང་ས་མཆོག་གི་དབྱིན་ཡུལ་མཛད་འཆར་ལེགས་གྱུབ་བྱུང་བ།

༸གོང་ས་མཆོག་གིས་དབྱིན་ཡུལ་དུ་མཛད་འཆར་ཁག་ལེགས་པར་གྲུབ་ནས་རྒྱ་གར་དུ་སང་ཉིན་ཕྱིར་ཞབས་སོར་འཁོར་རྒྱུ་ཡིན་པ་རེད།

༄༅༎༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབྱིན་ཡུལ་དུ་མཛད་འཆར་ཁག་གཟའ་པ་སངས་ཉིན་གྲུབ་ནས་གཟའ་སྤེན་པ་ཉིན་རྒྱ་གར་དུ་ཕྱིར་ཞབས་སོར་འཁོར་རྒྱུ་ཡིན་པ་རེད།

དེ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དབྱིན་ཡུལ་དུ་ཉིན་བཅིུག་རིང་གིས་མཛད་འཆར་ནང་སྲིད་བློན་གོར་ཌེན་སྦ་རའོན་མཇལ་འཕྲད་ཀྱིས་ཉེ་ཆར་བོད་ནང་ཞི་བའི་གྱེན་ལངས་བྱུང་སྐབས་རྒྱ་ནག་གཞུང་གི་བྱ་སྤྱོད་ཐོག་བོད་རྒྱ་གཉིས་དབར་གྱི་འབྲེལ་མོལ་གནས་སྟངས་སོགས་བཀའ་བསྡུར་གནང་ཡོད་ཀྱང་ སྲིད་བློན་གྱི་མཇལ་འཕྲད་དེ་ལས་ཁུངས་སུ་མ་ཡིན་པར་ཡེ་ཤུའི་ཆོས་དཔོན་ཞིག་གི་གཟིམ་ཁང་དུ་མཇལ་འཕྲད་གནང་བ་དེར་ཕྱོགས་འགལ་སྲིད་དོན་ཤོག་ཁག་གིས་སྐྱོན་བརྗོད་ཤུགས་ཆེ་བྱུང་སྐབས་སྲིད་བློན་གྱི་ཐུགས་སུ་གནས་གལ་ཆེ་མིན་པར་སྐད་ཆ་ཅི་བཤད་མི་བཤད་དེ་གཙོ་དོན་ཞིག་བཞག་དགོས་པ་གྲོས་ཚོགས་ནང་གསུངས་བ་དང་ གཞན་ཡང་༸གོང་ས་མཆོག་ལ་དབྱིན་ཡུལ་གྲོས་ཚོགས་ཀྱིས་ཉེ་ཆར་བོད་ནང་དུས་ཟིང་དང་འབྲེལ་བའི་འགྲོ་བ་མིའི་ཐོབ་ཐང་སྐོར་ཉན་ཞིབ་གནང་བ་དང་ དབྱིན་ཇིའི་རྒྱལ་སྲས་ཆཱའལ་སེ་མཆོག་དང་མཇལ་འཕྲད་ ལོན་ཌོན་གཙུག་ལག་སློབ་གྲྭ་ཆེན་མོ་ཞིག་གིས་༸གོང་ས་མཆོག་ལ་ཆེ་བསྟོད་ཀྱི་ཕྱག་འཁྱེར་འབུལ་སྐབས་མཛད་སྒོའི་ཐོག་མཉམ་བཞུགས་དང་གསུངས་བཤད་ དེ་མིན་ཆོས་འབྲེལ་དུ་མངའ་ཁུལ་དད་ལྡན་ཆོས་ཞུ་བ་རྣམས་ལ་རྟེན་འབྲེལ་བསྟོད་པ་དང་རྡོར་སེམས་ཀྱི་དབང་སྩལ་བ་སོགས་མཛད་འཆར་ལེགས་པར་གྲུབ་ཡོད་པའི་ དབྱིན་ཡུལ་དུ་མཛད་འཆར་མཐའ་མ་གཟའ་པ་སངས་ཉིན་སྙན་གྲགས་ཆེ་བའི་ཨོག་སི་ཕཱོ་ཌི་གཙུག་ལག་སློབ་གྲྭ་ཆེན་མོ་རུ་ནང་ཆོས་ཀྱི་སྐོར་ལ་གསུངས་བཤད་དང་དྲི་བ་དྲི་ལན་ཁག་གནང་བའི་རྗེས་སུ་གཟའ་སྤེན་པ་ཉིན་བཞུགས་སྒར་རྡ་རམ་ས་ལར་ཆིབས་ཐོན་གནང་རྒྱུ་ཡིན་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org