༸གོང་ས་མཆོག་ཨོསི་ཀྲོ་ལི་ཡའི་གྲོང་ཁྱེར་ཞིག་ཏུ་ཆིབས་བསྒྱུར།

༸གོང་ས་མཆོག་ཨོ་སི་ཀྲོ་ལི་ཡར་ཊེ་སི་མེ་ནི་ཡའི་མཐོ་རིམ་སློབ་གྲའི་ནང་དུ་དགེ་རྒན་དང་སློབ་ཕྲུག་སོགས་ལ་གསུང་བཤད་གནང་ཡོད་པ་རེད།

༄༅༎བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨོ་སི་ཀྲོ་ལི་ཡའི་གླིང་ཕྲན་ཊེ་སི་མེ་ནི་ཡའི་ནང་ཞབས་སོར་འཁོད་དེ་ཊེ་སི་མེ་ནི་ཡའི་མཐོ་རིམ་སློབ་གྲའི་ནང་དུ་དགེ་རྒན་དང་སློབ་ཕྲུག་སོགས་ལ་གསུང་བཤད་གནང་ཡོད་པ་རེད།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཊེ་སི་མེ་ནི་ཡའི་མཐོ་རིམ་སློབ་གྲ་དང་རྒྱ་གར་ནང་དུ་ཡོད་པའི་ལྦ་ར་ན་སི་བོད་ཀྱི་ཆེས་མཐོའི་སློབ་གཉེར་ཁང་གཉིས་ཕན་ཚུན་ཤེས་ཡོན་གྱི་ཉམས་མྱོང་བརྗེ་ལེན་གྱི་འབྲེལ་ལམ་བཙུགས་ཏེ་མི་ལོ་བཅུ་འཁོར་བའི་མཛད་སྒོའི་ཐོག་ཆིབས་བསྒྱུར་ཡོང་བའི་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན། ཟླ་བ་འདིའི་ཕྱི་ཚེས་བརྒྱད་ཉིན་ཊེ་སི་མེ་ནི་ཡ་མཚོ་གླིང་དུ་ཞབས་སོར་འཁོད་པ་ལྟར། དེ་རིང་སྔ་དྲོ་ཊེ་སི་མེ་ནི་ཡ་མཐོ་རིམ་སློབ་གྲའི་ནང་ཞབས་སོར་འཁོད་པའི་སྐབས། སློབ་གྲའི་འགན་འཛིན་གྱིས་དགའ་བསུའི་གསུང་བཤད་གནང་སྟེ། ད་བར་ཁོང་ཚོའི་མཐོ་རིམ་སློབ་གྲ་དང་ལྦ་ར་ན་སི་བོད་ཀྱི་ཆེས་མཐོའི་སློབ་གཉེར་ཁང་གཉིས་ཕན་ཚུན་ཤེས་ཡོན་གྱི་ཉམས་མྱོང་སྤེལ་རེས་ཀྱི་ལས་དོན་འཆར་གཞི་འགོ་བཙུགས་ཏེ་མི་ལོ་བཅུ་ཕྲག་གཅིག་འགྲོ་གི་ཡོད་པ་དེའི་རིང་གི་ལས་དོན་རྣམས་ཧ་ཅངགི་ལམ་ལྷོང་ལྡན་པ་དང་དོན་སྙིང་ལྡན་པ་ཞིག་བྱུང་ཡོད་པའི་ངོ་སྤྲོད་གནང་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། མཛད་སྒོ་དེར་མཉམ་ཞུགས་གནང་བའི་མི་དམངས་འདུ་འཛོམས་དེའི་ཐོག་ལ། ད་རེས་མཛད་སྒོ་དེའི་ཐོག་ཚོགས་ཞུགས་གནང་ཐུབ་པ་དེ་ནི་གཟི་བརྗིད་ཅིག་ཡིན་པ་ངོས་འཛིན་གནང་གི་ཡོད་ཅེས་བཀའ་གནང་ཡོད་པ་དང། ལྷག་པར་དུ་འཛམ་གླིང་དེའི་ནང་གི་འགྲོ་བ་མི་རེ་ངོ་རེ་ལ་སྤྱི་ཚོགས་འཆམ་མཐུན་ཡར་རྒྱས་ཀྱི་འགན་འཁུར་ཡོད་པའི་བཀའ་གནང་ཡོད་པ་རེད། དེ་རྗེས་ཉིན་དགུང་རྒྱབ་ཏུ་མི་དམངས་ལ། འཛམ་གླིང་གི་སའི་གོ་ལ་དེ་སུའི་འགན་འཁུར་རེད་དམ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྒྱུའི་མཛད་འཆར་ཡོད་པ་དང། དེ་ནས་ཕྱི་ཚེས་དགུ་ཉིན་ཨོ་སི་ཀྲོ་ལི་ཡའི་ས་གནས་མཱེལ་སྦོན་ནང་དུ་འཛམ་གླིང་ཆོས་ལུགས་ཀྱི་གྲོས་ཚོགས་ཐོག་གསུང་བཤད་གནང་རྒྱུའི་མཛད་འཆར་དང། ཕྱི་ཚེས་བཅུ་ཉིན་མི་དམངས་ལ་འཛམ་གླིང་ཞི་བདེ་སྐྲུན་ཐབས་དང། དེ་སུའི་འགན་འཁུར་ཡིན་ནམ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྒྱུའི་མཛད་འཆར་སོགས་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org