ཨ་རིའི་གསང་བའི་ལས་ཁུངས་ཀྱིས་བོད་དམག་ཚོར་གསང་བའི་དམག་སྦྱོང་སྤྲོད་ཡུལ་ཁོ་ལོ་ར་ཌོར་ཆེད་དོན་བགྲོ་གླེང་ཞིག་སྐོང་ཚོགས་གནང་པ།

ཨ་རིའི་གསང་བའི་ལས་ཁུངས་ཀྱིས་བོད་དམག་ལ་གསང་བའི་དམག་སྦྱོང་སྤྲོད་པའི་སྐོར་ལོ་རྒྱུས་ཞིབ་འཇུག་གི་དེབ་ཅིག་བྲིས་ཀྱི་ཡོད་པ་དང་། དེ་སྔོན་བོད་ཀྱི་འཇབ་དམག་ཚོས་བོད་མིའི་རང་དབང་འཐབ་རྩོད་ཀྱི་ཆེད་བློས་གཏོང་ཤུགས་ཆེ་བྱས་པར་མི་རབས་འདིས་རྗེས་དྲན་ཞུ་དགོས་པ་རེད་ཅེས་བསྟན་འཛིན་བསོད་ནམས་ལགས་ཀྱིས་གསུངས་བྱུང་།

ཨ་རིའི་གསང་བའི་ལས་ཁུངས་ཀྱིས་བོད་དམག་ལ་དམག་སྦྱོང་སྤྲོད་མཁན་ཁོངས་ནས་དགུང་ལོ་ ༩༡ སོན་པ་ (Bruce Walker) སྦུརུསི་ ཝལ་ཀར་ལཊ། Passang Dhonden/RFA

༢༠༢༤ ཕྱི་ཟླ ༦ ཚེས་ ༧ ཉིན་གྱི་དགོང་མོ་ཆུ་ཚོད་ ༦ པའི་ཐོག་ཨ་རིའི་མངའ་སྡེ་ཁོ་ལོ་རེ་ཌོ་ (Colorado) ནང་གི་ (Camp Hale) ཡི་ཉེ་འགྲམ་ Vail གྲོང་སྡེའི་ནང་ཉམས་ཞིབ་པས་ཆེད་དོན་བགྲོ་གླེང་དེའི་ཐོག་ཉེ་རབས་བོད་ཀྱི་ལོ་རྒྱུས་ཐོག་ཉམས་ཞིབ་མཁན་དང་ཁོ་ལོ་རེ་ཌོ་ (Colorado) གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་ Carole McGranahan དང་། རྒྱ་གར་ནང་བཞུགས་པའི་བོད་པའི་གློག་བརྙན་བཟོ་བསྐྲུན་མཁན་དང་འཁྲབ་ཁྲིད་མཁན་བསྟན་འཛིན་བསོད་ནམས་ལགས་དང་ཁོང་གི་བཟའ་ཟླ་ རིཏུ་ སཱ་རིན་ (Ritu Sarin) ལགས། དེ་བཞིན་ཨ་རིའི་གསང་བའི་ལས་ཁུངས་ཀྱི་བོད་དམག་ལ་དམག་སྦྱོང་སྤྲོད་མཁན་ལས་བྱེད་ཟུར་པ་ སྦུརུསི་ ཝལ་ཀར་ (Bruce Walker) ལགས་བཅས་ཀྱིས་ལས་འཆར་དེའི་སྐོར་གཏམ་བཤད་གནང་ཡོད་པ་རེད།
ཨ་རིའི་གཞུང་གིས་ Camp Hale ས་གནས་དེར་བོད་དམག་ལ་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་དམག་སྦྱོང་སྤྲོད་པ་གཞུང་འབྲེལ་ངོས་ལེན་གྱིས་དྲན་རྟེན་རྡོ་རིང་ཞིག་༢༠༡༠ ཟླ་ ༩ ཚེས་ ༡༠ ཉིན་བསླངས་ཡོད་ཀྱང་། སྐབས་དེར་སྦྱོང་བརྡར་སྤྲོད་ཡུལ་གྱི་ས་གནས་ཆགས་ཡུལ་ཏག་ཏག་ངོས་འཛིན་མ་ཐུབ་པར་ལྷག་ཡོད་ཅིང་། ཁོ་ལོ་རེ་ཌོ་གཙུག་ལག་སློབ་གྲྭ་ཆེན་མོའི་མི་རྒྱུད་རིག་པའི་སློབ་དཔོན་ཁེ་རོལ་ མེཀ་གྷརཱནྷན་ (Carole McGranahan) ལགས་ཀྱིས། གནས་དེ་རྩད་གཅོད་ཡོང་ཆེད་ཞིབ་མཇུག་མཐིལ་ཕྱིན་བྱས་འབྲས་སུ་ད་ཆ་སྦྱོང་བརྡར་སྤྲོད་ཡུལ་ས་གནས་ཏག་ཏག་དེ་བརྙེད་ཡོད་པ་རེད་ལ། ལོ་ངོ་ ༦༠ ཙམ་གྱི་གོང་ལ་དམག་སྦྱོང་ནང་མཉམ་ཞུགས་མཁན་དང་ཨ་རིའི་གསང་བའི་ལས་ཁུངས་ཀྱི་སྦྱོང་བརྡར་སྤྲོད་མཁན་གྱི་གསང་བའི་ལས་བྱེད་མང་ཆེ་བ་ད་ཆ་འདས་གྲོངས་སུ་ཕྱིན་ཏེ།


བོད་པས་རྒྱ་དམག་ལ་དམག་ཐབས་བྱས་པའི་ལོ་རྒྱུས་དེ་ད་བར་བོད་པའི་སྤྱི་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་མངོན་གསལ་དོད་པོ་དང་ཡོངས་གྲགས་ཀྱིས་བཤད་མ་ནུས་པར་ལྷག་ཡོད་སྐོར་བརྗོད་བྱུང་།
ད་ཐེངས་ཉམས་ཞིབ་ཀྱི་ངོ་སྤྲོད་གླེང་མོལ་དེའི་ཐོག་གཏམ་བཤད་གནང་མཁན་ཚོས་དཔེ་དེབ་ཅིག་མཉམ་འབྲེལ་གྱི་ཐོག་ནས་རྩོམ་བྲིས་གནང་གིན་ཡོད་འདུག
ཡང་བགྲོ་གླེང་འདུ་ཚོགས་དེའི་ཐོག་དེ་སྔ་བོད་དམག་ལ་སྦྱོང་བརྡར་སྤྲོད་པའི་ལས་དོན་དང་འབྲེལ་བ་ཡོད་པའི་ཨ་རིའི་གསང་བའི་ལས་བྱེད་མི་སྣ་ ༡༠ ཙམ་ཡོད་འདུག་པའི་ནང་ནས་ད་ཆ་དགུང་ལོ་༩༡ ཕེབས་པའི་སྦུརུསི་ཝལ་ཀར་ (Bruce Walker) ཞེས་པ་ཁོང་འདུ་འཛོམས་དེར་ཕེབས་ནས་གཏམ་བཤད་གནང་སྐབས། ཁོང་གིས་ཐོག་མར་ལས་འཆར་དེའི་ནང་ཞུགས་སྟངས་དང་དེ་ནས་རྒྱ་གར་བཅས་སུ་བོད་ཡིག་སློབ་སྦྱོང་གི་ཆེད་བསྐྱོད་པའི་སྐོར་གསུངས་པ་དང་། ཡང་བོད་མིའི་དམག་སྦྱོང་བསྟི་གནས་དེར་རྒྱུན་ལྡན་གྱི་བྱ་གཞག་དང་བོད་མིའི་འཇབ་དམག་ཚོས་དགའ་མོས་བྱ་ཡུལ་སོགས་ཀྱི་སྐོར་ལོ་རྒྱུས་ཀྱི་བྱུང་བ་ཁག་བརྙན་རིས་དང་དཔེ་མཚོན་གྱི་ཐོག་ནས་གསལ་སྟོན་གནང་སོང་ལ། སྐབས་དེར་ཨ་རིའི་གཞུང་གིས་ས་གནས་དེར་གོ་མཚོན་ཚོད་ལྟ་བྱེད་ས་རེད་ཟེར་ནས་ཕྱིར་གསང་རྒྱ་དམ་པོ་བྱས་ཡོད་འདུག

ཡང་བོད་མིའི་གློག་བརྙན་བཟོ་བསྐྲུན་མཁན་བསྟན་འཛིན་བསོད་ནམས་ལགས་ཀྱིས། སྔ་མོ་བོད་མིའི་རང་དབང་འཐབ་རྩོད་པ་དེ་དག་གིས་བློས་གཏོང་ཆེན་པོ་བྱས་པ་དེ་དག་ངེས་པར་དུ་མི་རབས་འདིས་རྗེས་དྲན་དགོས་པ་རེད་ཅེས་དང་། ཁོང་གི་ཡབ་ལྷ་མོ་ཚེ་རིང་དམ་པ་ཁོང་གིས་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་རོགས་སྐྱོར་དེས་བོད་དོན་ལ་ཕན་ཐོག་བྱུང་ཡོད་པ་དང་། བོད་ཀྱི་རྩ་དོན་དང་ལོ་རྒྱུས་དང་མཐུན་པ་གནང་དགོས་པ་གསུངས་པའི་སྐོར་བརྙན་དང་པར་རིས་གཟིགས་འབུལ་གྱི་ལམ་ནས་གཏམ་བཤད་གནང་སོང་།
ཆེད་དོན་གླེང་མོལ་དེ་ Vail Symposium ཞེས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་དང་ཨི་གྷལ་རྫོང་ (Eagle County) གི་ལོ་རྒྱུས་གཅེས་འཛིན་ཚོགས་པ་གཉིས་མཉམ་འབྲེལ་གྱིས་གོ་བསྒྲིགས་གནང་བ་ཞིག་ཡིན་པ་དང་ལྷན་ཚོགས་ཐོག་ཕྱི་རྒྱལ་གྱི་དོ་སྣང་ཅན་དང་བོད་པ་བཅས་མི་སྣ་བརྒྱ་ལྷག་ཙམ་ཚོགས་ཁང་ནང་དངོས་ཞུགས་དང་དྲ་ཐོག་བཅས་ནས་ཆུ་ཚོད་༢ ཙམ་རིང་གཏམ་བཤད་དང་དྲི་བ་དྲིན་ལན་གྱི་ལས་རིམ་ཐོག་ཞུགས་ཡོད་པ་རེད།

གསར་འགོད་པ། རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ།
རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲིས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org