ཤེས་རིག་བཀའ་བློན་ཐར་ལམ་སྒྲོལ་མ་ལགས་ནས་སློབ་ཕྲུག་ཚོས་ལེགས་སྤེལ་ཉེས་འགོག་གི་བསླབ་བྱ་བླངས་ཏེ་གཞན་ལ་བརྒྱུད་བསྒྲགས་གནང་གལ་ཆེན་བའི་སྐོར་ལམ་སྟོན་གནང་བ།

ཤེས་རིག་བཀའ་བློན་མཆོག་གིས་ད་བར་འགྲེམས་སྟོན་རིམ་པ་འཚོགས་པ་དེ་དག་བརྒྱུད་སློབ་ཕྲུག་ཚོར་ཡར་རྒྱས་ཀྱི་ཕན་ཐོགས་ངེས་ཅན་བྱུང་ཡོད་པ་འགྲེལ་བརྗོད་དང་འབྲེལ་སློབ་ཕྲུག་ཚོས་འགྲེམས་སྟོན་དེའི་བརྒྱུད་ལེགས་སྤེལ་ཉེས་འགོག་གི་བསླབ་བྱ་བླངས་ཏེ་གཞན་ལ་བརྒྱུད་བསྒྲགས་བྱ་དགོས་པའི་ལམ་སྟོན་གནང་སོང་།

ཤེས་རིག་བཀའ་བློན་ཐར་ལམ་སྒྲོལ་མ་མཆོག་ཚན་རིག་འགྲེམས་སྟོན་སྐབས། ༢༠༢༤།༠༧།༢༦ RFA/ Pema Ngodup

ཕྱི་ལོ་ ༢༠༢༤ ཟླ་བ་ ༧ ཚེས་ ༢༦ ནས་ ༢༩ བར་བཅས་ཉིན་གྲངས་གསུམ་གྱི་རིང་རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པི་སེར་བྱེས་མཁས་སྙན་གྲྭ་ཚང་གི་ཚན་རིག་སྡེ་ཚན་སྦྱོང་བརྡར་ཁང་དུ། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་སྐབས་བདུན་པའི་ཚན་རིག་དང་ཨང་རྩིས་དེ་བཞིན་ཁོར་ཡུག་བཅས་ཀྱི་འགྲེམས་སྟོན་དབུ་བཙུགས་གནང་ཞིང་། འགྲེམས་སྟོན་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་ལགས་དང་དམིགས་བསལ་སྐུ་མགྲོན་དུ་སེར་བྱེས་མཁན་རིན་པོ་ཆེ་གཙོས་པས་ལས་སྣེ་དང་ཟུར་དཔང་། དེ་བཞིན་འགྲེམས་སྟོན་ནང་བཞུགས་མཁན་རྒྱ་གར་ལྷོ་བྱང་ས་ཁུལ་ཁག་གི་སམ་བྷོ་ཌའི་སློབ་གྲྭ་ཁག་ ༧ དང་བོད་ཁྱིམ་གྱི་སློབ་གྲྭ་ཁག་ ༤ བཅས་ཁྱོན་སློབ་གྲྭ་ཁག་ ༡༡ གི་སློབ་ཕྲུག་ ༣༥ གཙོས་པའི་ཁྱོན་དགེ་སློབ་ ༡༠༠ ལྷག་མཉམ་ཞུགས་གནང་འདུག་ལ། མཛད་སྒོའི་ཐོག་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་ལགས་ཀྱིས་གསུང་བཤད་གནང་བའི་ནང་། ད་བར་འགྲེམས་སྟོན་རིམ་པ་འཚོགས་པ་དེ་དག་བརྒྱུད་སློབ་ཕྲུག་ཚོར་ཡར་རྒྱས་ཀྱི་ཕན་ཐོགས་ངེས་ཅན་བྱུང་ཡོད་པ་འགྲེལ་བརྗོད་དང་འབྲེལ། སློབ་ཕྲུག་ཚོས་འགྲེམས་སྟོན་དེའི་ཐོག་ནས་ལེགས་སྤེལ་ཉེས་འགོག་གི་བསླབ་བྱ་བླངས་ཏེ་གཞན་ལ་བརྒྱུད་བསྒྲགས་བྱ་དགོས་པའི་ལམ་སྟོན་གནང་སོང་།

དེ་བཞིན་མཛད་སྒོའི་ཐོག་སེར་བྱེས་མཁན་རིན་པོ་ཆེ་བཀྲིས་ཚེ་ཐར་ལགས་ཀྱིས། ༸གོང་ས་མཆོག་སྐུ་ན་ཆུང་དུས་ནས་ཚན་རིག་ལ་ཐུགས་མོས་ཆེན་པོ་ཡོད་པ་དང་། བར་ལམ་༸མགོན་པོ་གང་ཉིད་ནས་རླབས་ཆེན་དགོངས་གཞིའི་བཀའ་སློབ་རིམ་པ་ཕེབས་པ་ལྟར། དེང་གི་ཆར་གདན་ས་གྲྭ་ཚང་ཁག་ནས་ཚན་རིག་སློབ་གཉེར་གནང་ཡོད་པ་གསུང་གནང་སོང་། གཞན་ཡང་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱི་ཚན་རིག་ཤེས་ཡོན་འགན་འཛིན་རྡོ་རྗེ་དབང་ཕྱུག་ལགས་ནས་རྒྱ་གར་རྒྱལ་ཡོངས་ཀྱི་ནང་ཚན་རིག་འགྲེམས་སྟོན་འཚོགས་པའི་བརྒྱུད་རིམ་དང་། དེའི་ནང་ཐོག་མར་ཕྱི་ལོ་ ༢༠༡༧ ལོར་བོད་པའི་སློབ་གྲྭ་ཁག་ཆ་ཚང་བླང་རྒྱུའི་གོ་སྐབས་ཐོབ་པ་ནས་བཟུང་ད་ལོའི་འགྲེམས་སྟོན་ཐེངས་བདུན་པ་དེ་ཆགས་ཀྱི་ཡོད་པ་གསུངས་སོང་།

ཐེངས་འདིའི་འགྲེམས་སྟོན་གྱི་ཟུར་དཔང་དུ་ཕེབས་པ་རྫས་འགྱུར་རིག་པའི་ཐོག་འབུམ་རམས་པ་སྐལ་བཟང་ཐར་པ་ལགས་ཀྱིས་གསུངས་ན། འདི་ལྟ་བུའི་འགྲེམས་སྟོན་དེས་སློབ་ཕྲུག་སྤྱི་སྒེར་ཡོངས་ལ་ཕན་ཐོགས་ཆེན་པོ་ཡོད་པ་མ་ཟད། དེ་སྔ་དང་མི་འདྲ་བར་བོད་ཕྲུག་ཚོར་ཚན་རིག་གནས་ཚད་ཡག་པོ་ཆགས་ཡོད་པའི་མྱོང་ཚོར་བྱུང་ཡོད་པ་གསུངས་སོང་། དེ་མིན་ད་ལན་གྱི་འགྲེམས་སྟོན་འདིའི་ནང་མཉམ་ཞུགས་གནང་བ་ས་ལུ་ཁྱུ་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་བཟང་མོ་ལགས་ཀྱིས། ཁོ་མོ་འགྲེམས་སྟོན་འདི་ལྟ་བུའི་ནང་མཉམ་ཞུགས་གནང་བ་ཐེངས་གཉིས་པ་དེ་ཡིན་པ་དང་། ད་ལན་ཁོང་ནས་འགྲེམས་སྟོན་འདིའི་ནང་སྨྱུ་གུ་སྣག་ཚ་རྫོགས་རྗེས་སྨྱྱུ་གུ་དེ་མ་གཡུག་པར་ཡང་བསྐྱར་བེད་སྤྱོད་གཏང་ཐབས་ཀྱི་འགྲེམས་སྟོན་གནང་གི་ཡོད་པ་དང་། ཁོང་ལ་འགྲེམས་སྟོན་འདི་ལྟ་བུའི་བརྒྱུད་བློ་སྐྱེད་དུ་མ་ཞིག་རགས་ཀྱི་ཡོད་པའི་མྱོང་ཚོར་བརྗོད་བྱུང་།

གཞི་རྩའི་བོད་མིའི་སྒྲིག་འཛུགས་ཀྱི་འགྲེམས་སྟོན་འདི་བཞིན་ཐོག་མར་ཕྱི་ལོ་ ༢༠༡༧ ལོར་དབུ་བཙུགས་གནང་ཡོད་དང་། ལོ་ལྟར་འགྲེམས་སྟོན་དེ་བཞིན་མ་ཚོགས་གོང་དུ་སློབ་གྲྭ་ཁག་ནས་འགྲེམས་གཟུགས་རྣམས་ཤེས་རིག་ལས་ཁུངས་སུ་ཕུལ་གྱི་ཡོད་པ་དང་། ཤེས་རིག་ལས་ཁུངས་ནས་དྲག་འདེམས་གནང་ནས་རིམ་པས་འགྲེམས་སྟོན་འཚོགས་གནང་ཞིང་། སླར་ཡང་འགྲེམས་སྟོན་འདི་ནས་དྲག་འདེམས་བྱུང་བ་རྣམས་རྒྱ་གར་རྒྱལ་ཡོངས་འགྲེམས་སྟོན་གནང་མཉམ་ཞུགས་གནང་གི་ཡོད་པ་རེད་འདུག་ལ། ད་ལོའི་འགྲེམས་སྟོན་འདིའི་བརྗོད་གཞི་ནི་སྤྱི་ཚོགས་ཀྱི་ཆེད་དུ་ཚན་རིག་དང་འཕྲུལ་རིག་ཅེས་པ་དེ་ཡིན་པ་རེད་འདུག

གསར་འགོད་པ། པདྨ་དངོས་གྲུབ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།






2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org