ཨ་རིའི་ནང་སྲུང་སྐྱོབ་ཀྱི་ཚད་གཞི་མཐོ་རུ་བཏང་ཡོད་པ།
ཨ་རིའི་སྲིད་འཛིན་ནས་ཨ་རིས་འཇིགས་བསྐུལ་དྲག་སྤྱོད་པར་ཁ་གཏད་གདོང་ལེན་བྱ་རྒྱུ་ནས་ནམ་ཡང་ཕྱི་བཤོལ་བྱེད་རྒྱུ་མིན་པ་གསུངས་འདུག
-
2011-09-10 -
-
-
༄༅༎ཨ་མི་རི་ཀའི་ནང་འཇིགས་བསྐུལ་དྲག་སྤྱོད་པའི་གཏོར་རྒོལ་ཚབས་ཆེ་བྱུང་སྟེ་ལོ་ངོ་བཅུ་འཁོར་བའི་དུས་དྲན་གྱི་སྔ་ནུབ་སྟེ། ཕྱི་ཟླ་ ༩ ཚེས་ ༡༠ གཟའ་སྤེན་པའི་ཉིན་ཨ་མི་རི་ཀའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་མཆོག་གིས་ཨ་མི་རི་ཀའི་ངོས་ནས་འཇིགས་བསྐུལ་དྲག་སྤྱོད་པར་ཁ་གཏད་གདོང་ལེན་བྱ་རྒྱུ་ནས་ནམ་ཡང་ཕྱི་བཤོལ་བྱེད་རྒྱུ་མིན་པ་གསུངས་འདུག།
སྲིད་འཛིན་ཨོ་སྦ་མ་མཆོག་གིས་ ང་ཚོས་ཧ་ཅང་གཅེས་པར་འཛིན་པའི་ཡུལ་གྲུ་འདི་སྲུང་སྐྱོབ་བྱེད་སྟེ། མི་རབས་རྗེས་མ་ཚོར་ཡུལ་གྲུ་འདིའི་བདེ་འཇགས་ཀྱི་ཚད་གཞི་མཐོ་ལ། ནུས་སྟོབས་ད་ལྟ་ལས་ཆེ་ཞིང་དཔལ་འབྱོར་ལོངས་སྤྱོད་ད་ལྟ་ལས་མངའ་ཐང་རྒྱས་པ་ཞིག་རྩིས་སྤྲོད་བྱ་རྒྱུ་ཡིན་པ་གསུངས་ཡོད་པ་རེད།
ཨ་རིའི་གྲོང་ཁྱེར་ ནིའུ་ཡོཀ་དང་ རྒྱལ་ས་ལྦ་ཤིང་ཊོན་སོགས་སུ་དགུ་བཅུ་གཅིག་གི་དོན་རྐྱེན་བྱུང་སྟེ་ལོ་ངོ་བཅུ་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་རྒྱུའི་གྲ་སྒྲིག་བྱེད་བཞིན་པ་དང་དུས་མཚུངས་ ཨལ་ཀེ་རྡ་འཇིགས་བསྐུལ་དྲག་སྤྱོད་པས་ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོཀ་གམ། ཡང་ན་རྒྱལ་ས་ལྦ་ཤིང་ཊོན་ཁུལ་གཏོར་རྒོལ་གྱི་ལས་འགུལ་སྤེལ་སྲིད་པའི་གནས་ཚུལ་ཞིག་ཨ་མི་རི་ཀའི་གསང་བའི་ལས་དོན་ཚན་པ་ཁག་ལ་འབྱོར་ཡོད་པ་རེད།
ཨ་མི་རི་ཀའི་དབུས་ཞིབ་དཔྱོད་ལས་ཁུངས་ཀྱི་ངོས་ནས་གནས་ཚུལ་དེ་དག་གི་ཐོག་ཞིབ་འཇུག་ནན་པོ་བྱེད་བཞིན་ཡོད་པ་དང་། ཨ་མི་རི་ཀའི་ཉིན་རེའི་གསར་ཤོག་ནིའུ་ཡོག་དུས་བབ་ཀྱི་ནང་གནས་ཚུལ་སྤེལ་བར་གཞིགས་ན། ཨ་མི་རི་ཀའི་མི་སེར་གྱི་པ་སེ་ཡོད་པའི་ཁ་ཆེའི་མི་གཉིས་ཉེ་ཆར་ཨཕ་ག་ནིསི་ཐན་ནས་ཐོན་ཏེ་ཡུལ་གྲུ་གཞན་པ་ཞིག་བརྒྱུད་ཨ་མི་རི་ཀར་ཐོན་བསྐྱོད་ཟིན་ཡོད་འདུག་ཅིང་། ཨལ་ཀཡེ་རྡ་འཇིགས་བསྐུལ་དྲག་སྤྱོད་ཚོགས་སྡེས། གྲོང་ཁྱེར་ནིའུ་ཡོཀ་གམ་ རྒྱལ་ས་ལྦ་ཤིང་ཊོན་དུ་མོ་ཊའི་ནང་ནས་འབར་རྫས་གས་ཐོར་བྱེད་རྒྱུའི་འཆར་གཞི་ཡོད་པའི་གནས་ཚུལ་བཀོད་ཡོད་པ་རེད།
ཨ་མི་རི་ཀའི་སྲིད་འཛིན་ཨོ་སྦ་མ་མཆོག་གིས་ རྒྱལ་ཁབ་ཀྱི་སྲུང་སྐྱོབ་ལས་དོན་ཚད་གཞི་འདབ་གཅིག་གི་མང་དུ་གཏོང་དགོས་པའི་བཀའ་རྒྱ་བཏང་གནང་ཡོད་པ་དང་། ཨ་མི་རི་ཀའི་རྒྱལ་ནང་བདེ་འཇགས་ལས་ཁུངས་ཀྱི་དྲུང་ཆེ་ཇེ་ནེཏ་ན་པོ་ལི་ཀྲ་ནོས་ ཨ་མི་རི་ཀའི་མི་དམངས་ཀྱིས་དྭོགས་ཟོན་ཡིད་གཟབ་བྱེད་དགོས་པའི་སྐུལ་མ་ནན་པོ་གནང་འདུག།