བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་ཐབས་ལམ་འདྲ་མིན་བརྒྱུད་རྒྱ་གར་ནང་བོད་དོན་དྲིལ་བསྒྲགས་གནང་བཞིན་འདུག

བོད་དོན་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་རྒྱ་གར་གྱི་ས་གནས་འདྲ་མིན་ནང་ཐབས་ལམ་འདྲ་མིན་བརྒྱུད་བོད་ཀྱི་སྐོར་ངོ་སྤྲོད་དང་བོད་དོན་དྲིལ་བསྒྲགས་གནང་བཞིན་འདུག

བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་ལ་དྭགས་ཁུལ་དུ་བོད་དོན་དྲིལ་བསྒྲགས་གནང་བཞིན་པ། ༠༧།༡༧།༢༠༢༤ Facebook /Tenzin Tsundue

བོད་དོན་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ལགས་རྒྱ་གར་གྱི་ས་གནས་འདྲ་མིན་ནང་སྐོར་བསྐྱོད་ཀྱིས་དབྱིན་ཇིའི་སྐད་ཡིག་ནང་སྙན་ངག་གྱེར་འདོན་དང་། རྩོམ་འབྲི་སྦྱོང་བརྡར། གློག་བརྙན་སྟོན་པ་སོགས་ཐབས་ལམ་འདྲ་མིན་བརྒྱུད་བོད་ཀྱི་སྐོར་ངོ་སྤྲོད་དང་བོད་དོན་དྲིལ་བསྒྲགས་གནང་བཞིན་པ་དང་། ཕྱི་ཟླ་༧པའི་ཚེས་༡༨་ཉིན་ལ་དྭགས་སྙན་ངག་ཚོགས་པས་གོ་སྒྲིག་འོག་ལ་དྭགས་ཀྱི་རྒྱལ་ས་གླེར་ཆགས་པའི་མཁར་འོག་ཇ་ཁང་ནང་། སྙན་ངག་དང་འབྲེལ་བའི་ལས་རིམ་ཞིག་སྤེལ་སྐབས། བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་དེང་དུས་ཀྱི་རྩོམ་འབྲི་སྦྱོང་བརྡར་དང་གཞན་མི་ཁ་ཤས་དང་མཉམ་དུ་སྙན་ངག་གྱེར་འདོན་གནང་སོང་།
བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་སྐབས་དེར་ཁོང་གི་མི་ཚེའི་ལོ་རྒྱུས་བཤད་པའི་ནང་། དམིགས་བསལ་དུ་བོད་པ་ཡིན་པའི་མི་རིགས་ཀྱི་ངོ་བོ་དང་འཐབ་རྩོད། དེ་བཞིན་ཁོང་གི་སྙན་ངག་གྱེར་འདོན་སྐབས་སྙན་ངག་གི་རྒྱབ་ལྗོངས་ནང་རང་ཉིད་སྐྱབས་བཅོལ་བ་ཞིག་ཡིན་པ་སོགས་ཀྱི་གནས་སྟངས་གསུངས་བར་བོད་མི་དང་ལ་དྭགས་པ་གཞོན་སྐྱེས་རྣམས་ཀྱིས་རང་གི་སྒྲུང་དེ་རང་གིས་བཤད་དགོས་གལ་ཆེ་བ་གསུངས་སོང་།
བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། བོད་མི་དང་ལ་དྭགས་ཡུལ་མི་གཞོན་སྐྱེས་ཚོས་བོད་དང་ལ་དྭགས་ཀྱི་ལོ་རྒྱུས་བོད་ཡིག་དང་དབྱིན་ཡིག་ཁྱད་མེད་པར་སོ་སོའི་ལོ་རྒྱུས་སོ་སོ་རང་གིས་བདག་དབང་བཟུང་ནས་འབྲི་རྒྱུ་གལ་ཆེན་པོ་ཡིན་པ་དང་། དེ་ཡང་ཞིབ་འཇུག་དང་བཅས་འབྲི་གལ་ཆེ་བ་མ་ཟད། ལོ་རྒྱུས་ཟེར་དུས་རྒྱལ་རབས་ལོ་རྒྱུས་ཙམ་མིན་པར་སྙན་ངག་གི་ལམ་ནས་མཚོན་ཐབས་ཡོད་པ་སོགས་གསུངས་བྱུང་།

བསྟན་འཛིན་བརྩོན་འགྲུས་ལགས་ལ་དྭགས་ཁུལ་དུ། ༠༧།༡༨།༢༠༢༤ པར། འཕྲིན་ལས་ཆོས་སྒྲོན།/RFA


བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་ལ་དྭགས་ཁུལ་དུ་ལོ་མང་ནས་བོད་དོན་དྲིལ་བསྒྲགས་གནང་མྱོང་བ་དང་། ཁོང་གིས་སྐོར་བསྐྱོད་སྐབས་དམིགས་བསལ་ས་གནས་སུ་བོད་དང་འབྲེལ་བའི་གློག་བརྙན་སྟོན་གྱི་འདུག་ལ། དཔེར་ན་ཁོང་གིས་ཧིན་རྡུའི་སྐད་ནང་ཡོད་པ་༧གོང་ས་མཆོག་གི་མཛད་འཕྲིན་དང་འབྲེལ་བའི་གློག་བརྙན་དེ་རྒྱ་གར་གྱི་ས་གནས་ཁག་ནང་སྟོན་སྐབས་བོད་དོན་ངོ་སྤྲོད་ལ་ཕན་ཐོགས་ཆེན་པོ་ཡོད་པ་གསུངས་བྱུང་།
ལ་དྭགས་སྙན་ངག་ཚོགས་པའི་ངོས་ནས་ས་གནས་ཀྱི་གཞོན་རྐྱེས་རྣམས་ལ་སྙན་ངག་འབྲི་བའི་སྤོབས་པ་ཡོང་ཐབས་དང་སྔོན་ནས་བྲིས་ཡོད་པ་རྣམས་པར་བསྐྲུན་གནང་རྒྱུ། ཡང་སྙན་ངག་པ་ཚོ་ཡང་ཡང་འདུ་འཛོམས་ཀྱིས་བགྲོ་གླེང་སོགས་གནང་གི་ཡོད་པ་མ་ཟད། བསྟན་འཛིན་བརྩོན་འགྲུས་ལགས་ནས་ལམ་སྟོན་ཞུ་བཞིན་ཡོད་པ་ཚོགས་མི་བསྟན་འཛིན་ལྷ་སྐྱབས་ལགས་ཀྱིས་གསུངས་བྱུང་།
བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་རྩོམ་འབྲི་སྦྱོང་བརྡར་གནང་སར་སློབ་ཕྲུག་གཙོས་མི་མང་པོ་ཕེབས་འདུག་ལ་སྦྱོང་བརྡར་དེས་ཕན་ཐོགས་ཆེན་པོ་བྱུང་བ་གསུངས་མཁན་མང་པོ་བྱུང་སོང་།


གསར་འགོད་པ། འཕྲིན་ལས་ཆོས་སྒྲོན།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org