བོད་མི་ཚོས་མཉམ་རུབ་ངང་རྒྱ་ནག་ལ་ཁ་གཏད་ནས་ལས་འགུལ་སྤེལ་དགོས་བ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་ནེའུ་ཡོག་ནས་གསུང་འདུག

ནེའུ་ཡོག་ཏུ་བོད་དོན་ལས་འགུལ་བ་དང་རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་བརྩམས་པའི་ནང་ཞེས་པའི་རྩོམ་དེབ་ཅིག་དབུ་འབྱེད་དང་འབྲེལ་ནས་བོད་དོན་འཐབ་རྩོད་སྐོར་གཏམ་བཤད་གནང་སོང་།

ནེའུ་ཡོག་ཏུ་བོད་དོན་ལས་འགུལ་བ་དང་རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་བརྩམས་པའི་ནང་ཞེས་པའི་རྩོམ་དེབ་ཅིག་དབུ་འབྱེད་སྐབས། ༠༣།༡༢།༢༠༢༣ བློ་བཟང་ཆོས་འཕེལ། /RFA

ཕྱི་ཟླ་གསུམ་པའི་ཚེས་༡༢་ཉིན་གྱི་དགོང་དྲོར། ནིའུ་ཡོག་དང་ནིའུ་ཇར་སིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་དུ། རྒྱ་གར་ནས་ཆེད་དུ་ཕེབས་པའི་བོད་དོན་ལས་འགུལ་བ་དང་རྩོམ་པ་པོ་བསྟན་འཛིན་འགྲུས་ལགས་ཀྱིས་བརྩམས་པའི་རྩོམ་ཡིག་ཕྱོགས་བསྒྲིགས་ཀྱི་དེབ། (now where to call Home)ནང་ཞེས་པའི་དབྱིན་ཡིག་གི་རྩོམ་དེབ་ཅིག་དབུ་འབྱེད་གནང་སོང་།
སྐབས་དེར་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་རྩོམ་འབྲིའི་ཉམས་མྱོང་སྐོར་ལ་དབྱིན་སྐད་དུ་གསུངས་བཤད་གནང་ཞིང་། དེ་བཞིན་བོད་དོན་འཐབ་རྩོད་སྐོར་དང་འབྲེལ་ནས་ཁོང་གི་དགོངས་འཆར་ཁག་ཅིག་གཏམ་བཤད་གནང་བའི་ནང་། ཕ་མ་ཚོས་སོ་སོའི་བུ་ཕྲུག་ལ་རང་ཉིད་ཀྱི་ལོ་རྒྱུས་དང་། ཁྱིམ་ཚང་གི་ལོ་རྒྱུས་བཤད་ནས་བོད་ཀྱི་ལོ་རྒྱུས་དེ་རྒྱུན་གནས་ཡོང་ཐབས་གནང་དགོས་རྒྱུ་གལ་ཆེན་པོ་ཡིན་པ་དང་། ཨ་རིའི་ནང་བཞུགས་མཁན་གྱི་བོད་མི་ཚོས་ཁྱིམ་ཚང་ནང་ངེས་པར་དུ་བོད་རིགས་གཞོན་སྐྱེས་ཚོ་ལ་བོད་སྐད་བཤད་ནས་བུ་ཕྲུག་ཚོས་བོད་སྐད་ཤེས་ཐབས་བྱེད་རྒྱུ་གལ་ཆེན་པོ་ཡིན་པ་དང་། བུ་ཕྲུག་ཚོ་ལ་བོད་ཀྱི་རིག་གཞུང་དང་བོད་པའི་འདུ་ཤེས་མེད་ཚེ། ང་ཚོའི་འཐབ་རྩོད་ཀྱི་རྒྱུན་གནས་ཐུབ་ཐབས་མེད་པ་སོགས་གསུང་སོང་།


ཡང་སྤྱི་ཚོགས་ནང་ཆབ་སྲིད་ཀྱི་ལྟ་བ་མ་འདྲ་ཙམ་གྱིས་ནང་ཁུལ་ཁ་ཐག་རིང་དུ་གཏོང་མི་རུང་ཞིང་། ཕན་ཚུན་མཉམ་རུབ་ཀྱི་སྒོ་ནས་རྒྱ་ནག་ལ་ཁ་གཏད་ནས་ལས་འགུལ་སྤེལ་དགོས་ཤིང་། གཞོན་སྐྱེས་ཚོ་འཐབ་རྩོད་ཀྱི་ལས་འགུལ་ཁྲོད་ཞུགས་འཇུག་རྒྱུ་གལ་ཆེན་པོ་ཡིན་པ་དང་། གལ་སྲིད་གཞོན་སྐྱེས་ཚོ་ལས་འགུལ་ནང་མཉམ་བཞུགས་མ་བྱས་ཚེ། ང་ཚོའི་འཐབ་རྩོད་ལ་ཉམས་དམས་འབྱུང་གི་རེད་ཅེས་གསུང་སོང་།
མཇུག་ཏུ་མི་མང་གི་དྲི་བར་ལན་འདེབས་གནང་ཡོད་པ་དང་། བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་འབྱུང་འགྱུར་ཟླ་ངོ་གཉིས་རིང་ཨ་རིའི་ནང་གི་ས་གནས་ཁག་འགའ་ཤས་དང་མཐོ་རིམ་སློབ་གྲྭ་ཁག་ཅིག་ནང་སྐོར་བསྐྱོད་ཀྱི་གཏམ་བཤད་སོགས་གནང་འཆར་ཡོད་འདུག


གསར་འགོད་པ། བློ་བཟང་ཆོས་འཕེལ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org