དགེ་འདུན་པ་བསྟན་འཛིན་མཁྱེན་རབ་ལགས་ཀྱི་ཨ་མ་སྦོ་རྡེ་ལགས་སེམས་འཁྲལ་རྐྱེན་གྱིས་འདས་གྲོངས་སུ་ཕྱིན་འདུག
ཉེ་སྔོན་ཕྱི་ཟླ་ ༢ཚེས་ ༡༧ ནས་བཟུང་ཁོ་མོར་སྙིང་རླུང་གི་ན་ཚ་བྱུང་བ་སོགས་ཇེ་སྡུག་ཏུ་སོང་སྟེ། འདས་གྲོངས་སུ་ཕྱིན་ཡོད་སྐོར་འགྲེལ་བརྗོད་གནང་གི་འདུག
- 2024-03-11
-
-
-
Your browser doesn’t support HTML5 audio
ཕྱི་ལོ་ ༢༠༢༤ ལོའི་ཕྱི་ཟླ་ ༢ པའི་ཟླ་མཇུག་ཏུ། རྒྱ་ནག་གཞུང་གིས་འཛིན་བཟུང་འོག་གར་སོང་ཆ་མེད་དུ་གྱུར་བའི་དགེ་འདུན་པ་བསྟན་འཛིན་མཁྱེན་རབ་ལགས་ཀྱི་ཨ་མ་དགུང་ལོ་ ༥༣ ཡིན་པ་སྦོ་རྡེ་ནས་ཡུན་རིང་སེམས་འཁྲལ་དང་། གཟུགས་གཞི་སྐྱོ་རུ་ཕྱིན་ནས་སྙིང་རླུང་ལངས་པ་སོགས་ལ་རྐྱེན་བྱས་ཏེ་འདས་གྲོངས་སུ་ཕྱིན་ཡོད་པ་དང་། བོད་ནང་གི་ཉག་ཆུ་རྫོང་ཨོ་ཐོག་སྨད་ཐ་སྡེ་བ་ནས་ཡིན་པ་ཨ་མ་སྦོ་རྡེ་ལགས་ནས་རྒྱ་ནག་གཞུང་འབྲེལ་མི་སྣ་ཚོར་ཁོ་མོའི་བུ་གང་དུ་ཡོད་དང་། ཐུག་འཕྲད་སོགས་བྱེད་བཅུག་རྒྱུའི་རེ་སྐུལ་ཐེངས་ཞུས་ཀྱང་། ཉན་འཇོག་གང་ཡང་མ་བྱས་མེད་སྟབས་སེམས་འཁྲལ་ཁོ་ནས་རང་ཁྱིམ་དུ་འདས་གྲོངས་སུ་ཕྱིན་ཡོད་པ། བོད་ནང་གི་འབྲེལ་ཡོད་བོད་མི་གཉིས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གཞུང་གི་འབྲེལ་ཡོད་མི་སྣ་ཚོས་བསྟན་འཛིན་མཁྱེན་རབས་ལགས་ནས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་དང་། ཕྱི་ཕྱོགས་ཀྱི་ཡིག་ཆ་ཉར་ཚགས་བྱས་ཡོད་པའི་ཉེས་མིང་འོག ཕྱི་ལོ་ ༢༠༢༣ ལོའི་ཟླ་བ་ ༧ ནང་འཛིན་བཟུང་རྗེས་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད་ལ། ཁོང་གི་ཤུལ་དུ་ཨ་མ་སྦོ་རྡེ་ལགས་གཅིག་པུ་ལས་མེད་པ་དང་། ཁོང་འཛིན་བཟུང་རྗེས་རྒྱ་ནག་གཞུང་གི་འབྲེལ་ཡོད་མི་སྣ་ཚོས།ཨ་མ་སྤོ་རྡེ་ལགས་དང་ཉེ་འབྲེལ་ཚོར་ཁོང་གང་དུ་ཁྲིད་ཡོད་སོགས་ཞིབ་ཕྲའི་གནས་ཚུལ་གསལ་བཤད་གང་ཡང་བྱས་མེད་པ་དང་། ཉེ་སྔོན་ཕྱི་ཟླ་ ༢ཚེས་ ༡༧ ནས་བཟུང་ཁོ་མོར་སྙིང་རླུང་གི་ན་ཚ་བྱུང་བ་སོགས་ཇེ་སྡུག་ཏུ་སོང་སྟེ། འདས་གྲོངས་སུ་ཕྱིན་ཡོད་སྐོར་འགྲེལ་བརྗོད་གནང་གི་འདུག
དགེ་འདུན་པ་བསྟན་འཛིན་མཁྱེན་རབ་ལགས་ནི་ད་ལྟའི་ཆར་དགུང་ལོ་ ༢༩ དང་། ཁོང་གི་སྨྱུག་མིང་ལ་ལྡོང་རང་ལྕགས་ཞེས་འབོད་ཀྱི་ཡོད་པ་དང་། ཁོང་གིས་དེ་སྔ་ཨོ་ཐོག་དགོན་ཁམས་ནཱལེཎྡྲ་དང་ལི་ཐང་དགོན་ཆེན། རྫ་སེར་ཤུལ་དགོན་སོགས་ནས་སློབ་གཉེར་གནང་ཡོད་པ་དང་། ཁོང་རྒྱུན་དུ་ནས་རྩོམ་ཡིག་འབྲི་རྒྱུ་སོགས་ལ་དགའ་མོས་ཡོད་པ་མ་ཟད། བོད་རྒྱ་སྐད་ཡིག་གཉིས་ལ་བྱང་ཆ་ལྡན་པ་ཞིག་ཡིན་པ་དང་། ཁོང་འཛིན་བཟུང་བྱས་རྗེས་རྒྱ་ནག་གཞུང་གིས་ཁོང་གི་སྐད་འཕྲིན་གཙོས་སྤྱི་ཚོགས་དྲ་ལམ་གྱི་གནས་ཚུལ་ཚང་མ་ནག་བསུབ་བཏང་ཡོད་འདུག
གསར་འགོད་པ། དཔལ་འབར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།