བསྟན་འཛིན་ཆོས་དབྱིངས་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་འདུག
ཝ་ན་བོད་ཀྱི་ཆེས་མཐོའི་སློབ་གཉེར་ཁང་གི་སློབ་མ་བསྟན་འཛིན་ཆོས་དབྱིངས་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་འདུག
-
2017-07-14 -
-
-
ཝ་ན་བོད་ཀྱི་ཆེས་མཐོའི་སློབ་གཉེར་ཁང་གི་སློབ་མ་བསྟན་འཛིན་ཆོས་དབྱིངས་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་འདུག
དེ་ཡང་ཕྱི་ཟླ་ ༧ ་ཚེས་ ༡༤ ་སྔ་དྲོའི་ཚོུད་ ༩ ་ཙམ་ལ་ཝ་ར་ན་སི་བོད་ཀྱི་ཆེས་མཐོའི་སློབ་གཉེར་ཁང་གི་སློབ་མ་བསྟན་འཛིན་ཆོས་དབྱིངས་ལགས་ཀྱིས་བུའི་ཉལ་ཁང་གི་འཁྲིས་སུ་རང་ལུས་མེར་བསྲེགས་གནང་འདུག་ཅིང་། ཁོང་གིས་རང་ལུས་མེར་བསྲེགས་བཏང་སྐབས། སློབ་གྲྭའི་ཚོགས་ཁང་ནང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སངྒེ་མཆོག་ནས་དགེ་ལས་སློབ་ཕྲུག་ཚོར་གསུང་བཤད་གནང་བཞིན་ཡོད་འདུག
བསྟན་འཛིན་ཆོས་དབྱིངས་ལགས་ནི་དབུ་མ་གོང་མའི་སློབ་ཕྲུག་ཞིག་ཡིན་འདུག་ཅིང་། ལོ་བཅུ་དགུའམ་ཉི་ཤུ་ཙམ་ཡིན་འདུག ཁོང་གི་ངོ་གདོང་ལ་མེས་ཚིག་སྐྱོན་བྱུང་མེད་ན་ཡང་། ལུས་པོའི་སྟེང་མེ་ཤུགས་ཆེ་འབར་བའི་རྐྱེན་གྱིས་ལུས་པོར་རྨས་སྐྱོན་ཤུགས་ཆེ་བྱུང་འདུག ཁོང་གི་ལུས་པོར་མེ་འབར་བཞིན་པའི་སྐབས་བོད་རྒྱལ་ལོ་ཞེས་སྐད་འབོད་གནང་ཡོད་པ་འདི་ག་རླུང་འཕྲིན་ཁང་དུ་མིག་མཐོང་བྱུང་བའི་མི་སྣས་འགྲེལ་བརྗོད་བྱས་འདུག
ཁོང་གིས་རང་ལུས་མེར་བསྲེགས་མ་བཏང་སྔོན། ༢༠༡༧ ཕྱི་ཟླ་ ༧ ་ཚེས་ ༡༤ ་འཁོད་ཅིང་། དབྱིན་ཡིག་ནང་ནུབཛ་(Nubz) མིང་ཅན་ལ་ཤོག་ངོས་གཅིག་ཅན་གྱི་ཁ་ཆེམས་ཡི་གེ་ཞིག་ཀྱང་བྲིས་འདུག་པ་དེའི་ནང་། ངས་ཁྱེད་རང་ངའི་གྲོགས་པོ་ཡག་ཤོས་ཡིན་པ་དེ་ཡང་ལབ་རྒྱུ་མ་བྱུང་ཅེས་དང་། ཁྱེད་རང་མ་ངུ་རོགས། དེ་བཞིན་ངའི་ཕ་མ་གཉིས་ལ་ཡང་མ་ངུ་རོགས་ཞེས་ལབ་རོགས། གལ་ཏེ་ཁོང་ཚོ་ངུས་ན་ངའི་རྣམ་ཤེས་ལ་དཀའ་ངལ་ཡོང་གི་རེད་ཅེས་བཀོད་འདུག
ད་དུང་ཁ་ཆེམས་ཀྱི་ཡི་གེ་དེའི་ནང་། བསྟན་འཛིན་ཆོས་དབྱིངས་ལགས་ཀྱིས་ངའི་གཟུགས་པོ་འདི་ནི་བོད་ཀྱི་ཆེད་ཡིན། བོད་པའི་གཞོན་སྐྱེས་ཚོས་མིག་ཕྱེ་ནས་བོད་ཀྱི་སྐད་ཡིག་ལ་སྦྱང་བརྩོན་བགྱིས་ཅེས་འབོད་སྐུལ་ཡང་གནང་འདུག་ལ། ད་དུང་ཁ་ཆེམས་ཡི་གེའི་ནང་མུ་འཐུད། ངའི་འཛིན་གྲོགས་ཚོ་རྟག་ཏུ་དྲན་པའི་ཡུལ་དུ་ཡོད་ཅེས་དང་། ཁྱེད་ཚོ་སྐྱིད་པོ་བྱེད་ནས་སྡོད། ང་ཚོ་སྐྱེ་བ་རྗེས་མར་ཐུག་ཡོང་ཅེས་བཀོད་འདུག
ཁ་ཆེམས་དེའི་མཐའ་མཇུག་ཏུ། ངས་བོད་ཀྱི་ཆེད་དུ་རང་ལུས་མེར་བསྲེགས་བཏང་པ་དེ་ཆུད་ཟོས་མིན། སླར་ཡང་སྐྱེ་བ་རྗེས་མར་ཕོ་ལུས་ཞིག་ལེན་པའི་སྨོན་ལམ་རྒྱག་རོགས་ཅེས་འཁོད་འདུག
བསྟན་འཛིན་ཆོས་དབྱིངས་ལགས་ནི་ཕྱི་ཕྱོགས་ནས་བོད་མི་རང་ལུས་མེར་བསྲེགས་བཏང་མཁན་དགུ་པ་དེ་ཡིན་པ་དང་། བོད་ཕྱི་ནང་གཉིས་ཀ་ནས་རང་ལུས་མེར་བསྲེགས་གནང་མཁན་ ༡༥༩ པ་དེ་ཡིན་པ་རེད།
གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།