༧གོང་ས་མཆོག་གིས་ལྡི་ལི་ནས་གསུངས་ཆོས་གནང་བཞིན་པ།

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལྡི་ལི་ནང་ར་ཤི་ཡ་ནས་ཕེབས་པའི་ནང་པའི་དད་ལྡན་ཆོས་ཞུ་བ་རྣམས་ལ་ཉིན་བཞིའི་རིང་གི་གསུང་ཆོས་དབུ་བཙུགས་གནང་ཡོད་པ་རེད་འདུག

དེ་ཡང་གནས་ཚུལ་ལྟར་ན། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དད་ལྡན་ཨུ་རུ་སུའི་ཆོས་ཞུ་བ་ཁག་གཅིག་གིས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་། ད་ཐེངས་མགོན་པོ་གང་ཉིད་མཆོག་གིས་རྒྱ་གར་རྒྱལ་ས་ལྡི་ལི་གསར་པའི་ནང་ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༢༥ ནས་བཟུང་ཉིན་གྲངས་བཞིའི་ཨུ་རུ་སུ་སོགས་ནས་ཆེད་བཅར་ཞུས་པའི་དད་ལྡན་ཆོས་ཞུ་བ་རྣམས་ལ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་གི་ཆོས་འབྲེལ་དབུ་འཛུགས་བསྐྱངས་འདུག

ཆོས་འབྲེལ་དེ་བཞིན་སྔ་དྲོའི་ཆུ་ཚོད་ ༩། ༣༠ ནས་ ༡༡། ༣༠ བར་དང་ཉིན་རྒྱབ་ཆུ་ཚོད་ ༡ ནས ༣ སྩལ་རྒྱུ་ཡིན་པ་མ་ཟད། ཕྱི་ཚེས་ ༢༦ ཉིན་གྱི་ཕྱེད་ཡོལ་མགོན་པོ་གང་ཉིད་མཆོག་གིས་དད་ལྡན་ཆོས་ཞུ་བ་རྣམས་ལ་སངས་རྒྱས་སྨན་བླའི་བཀའ་དབང་ཡང་བསྩལ་རྒྱུ་ཡིན་པ་དང་། ཐེངས་འདིའི་ཆོས་འབྲེལ་དེ་བཞིན་དྲ་རྒྱའི་བརྒྱུད་ལམ་ཐོག་ཨུ་རུ་སུ་དང་བོད་སྐད། རྒྱ་སྐད། དབྱིན་སྐད། སོག་སྐད་བཅས་ནང་སྐད་བསྒྱུར་གནང་བ་དང་སྦྲགས་འཛམ་གླིང་གི་ཡུལ་གྲུ་གང་ས་ནས་གཟིགས་ཐུབ་པའི་མཐུན་རྐྱེན་བསྐྲུན་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org