རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་ཐོབ་ཐང་འཐབ་རྩོད་པ་བཀྲ་ཤིས་དབང་ཕྱུག་ལགས་སུ་སྤྱི་ཚོགས་བདེ་འཇགས་ལ་གཏོར་བཤིག་གི་ཉེས་མིང་འོག་ཉིན་གྲངས་ ༡༥ བཀག་ཉར་བྱས་ཡོད་འདུག

རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་ཐོབ་ཐང་འཐབ་རྩོད་པ་བཀྲ་ཤིས་དབང་ཕྱུག་ལགས་སུ་སྤྱི་ཚོགས་བདེ་འཇགས་ལ་གཏོར་བཤིག་གི་ཉེས་མིང་འོག་ཉིན་གྲངས་ ༡༥ བཀག་ཉར་བྱས་ཡོད་འདུག

བཀྲ་ཤིས་དབང་ཕྱུག་ལགས། ཟླ་ཚེས་མི་གསལ། མཐུན་འགྱུར་པར་རིས།

ཕྱི་ལོ་ ༢༠༢༤ ཟླ་ ༡༠ ཚེས་ ༢༠ ཉིན་རྒྱ་ནག་གཞུང་འབྲེལ་ཡུལ་ཤུལ་གྲོང་ཁྱེར་སྤྱི་བདེ་མི་སྣས། བོད་ཀྱི་སྐད་ཡིག་ཐོབ་ཐང་འཐབ་རྩོད་པ་བཀྲ་ཤིས་ལགས་ནས། འདི་ལོའི་ཟླ་ ༧ པ་ནས་བཟུང་ཡང་ནས་བསྐྱར་དུ་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཁག་ཏུ། གནས་ཚུལ་རྫུན་མ་བརྒྱུད་བསྒྲགས་ཀྱིས་སྲིད་གཞུང་གི་ལས་དོན་ལ་བར་ཆད་བཟོས་པ་དང་། སྤྱི་ཚོགས་དྲ་ལམ་གྱི་ཁོར་ཡུག་ལ་གནོད་སྐྱོན་བཟོས་སྐོར་གྱི་ཉེས་མིང་འོག་ཉིན་གྲངས་ ༡༥ རིང་སྲིད་འཛིན་བཀག་ཉར་གྱིས། ཟླ་ ༡༡ ཚེས་ ༤ ཉིན་ཀློད་གྲོལ་བཏང་ཡོད་ན་ཡང་། རྒྱ་ནག་གཞུང་གིས་མུ་མཐུད་ཁོང་གི་འགྲོ་འདུག་ཐད་དམ་དྲག་དང་འབོད་འགུག་གིས་འདྲི་རྩད་སོགས་བྱེད་བཞིན་ཡོད་པ། ཁོང་གི་གནད་དོན་ཐད་རྒྱུས་མངའ་ཡོད་པའི་འབྲེལ་ཡོད་ཅིག་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་ལ། བོད་མིའི་སྒྲིག་འཛུགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་ཉམས་ཞིབ་པ་བསྟན་འཛིན་ཀུན་མཁྱེན་ལགས་ནས། བཀྲ་ཤིས་དབང་ཕྱུག་ལགས་འཛིན་བཟུང་བཀག་ཉར་གྱི་གནས་སྟངས་ལ་སེམས་འཚབ་དང་། གནས་སྟངས་དེ་དང་འབྲེལ་རྒྱ་ནག་གཞུང་གིས་བོད་ནང་གི་ཆབ་སྲིད་བཙོན་པ་ཚོར་མུ་མཐུད་དམ་དྲག་དང་སུན་གཙེར་ཤུགས་ཆེ་བྱེད་བཞིན་ཡོད་པ་མངོན་གསལ་ཆགས་ཡོད་པ་འགྲེལ་བརྗོད་གནང་བྱུང་།

བོད་ཀྱི་སྐད་ཡིག་ཐོབ་ཐང་འཐབ་རྩོད་པ་བཀྲ་ཤིས་དབང་ཕྱུག་ལགས་འཛིན་བཟུང་བཀག་ཉར་སྐབས་དང་ཀློད་གྲོལ་གཏོང་སྐབས་ཀྱི་ཡིག་ཆ། ཟླ་ཚེས་མི་གསལ། མི་སིར་འདྲ་པར།

རྒྱ་ནག་གཞུང་གིས་བཀྲ་ཤིས་དབང་ཕྱུག་ལགས་འཛིན་བཟུང་བཀག་ཉར་བྱེད་སྐབས་ཡིག་ཆ་ཞིག་སྤྲད་ཡོད་པའི་ནང་། ཉེས་ཅན་པ་བཀྲ་ཤིས་དབང་ཕྱུག་གིས་ཕྱི་ལོ་ ༢༠༢༤ ཟླ ༦ ཚེས ༢༤ ནས་བཟུང་། སྤྱི་ཚོགས་དྲ་ལམ་མགྱོགས་འཕྲིན་དང་ཏོའུ་ཡན་སོགས་ཀྱི་ནང་། སྲིད་གཞུང་གི་ལས་དོན་ལ་འགོག་རྐྱེན་བཟོ་ཐབས་ཀྱིས་གནས་ཚུལ་རྫུན་བསྒྲགས་དང་། བདེན་པ་མིན་པའི་གནས་ཚུལ་སྤེལ་བས་སྲིད་གཞུང་གི་ཐག་གཅོད་དང་ལས་དོན་ལ་ཤུགས་རྐྱེན་ངན་པ་བྱུང་བ་དང་། དྲ་རྒྱའི་ཁོར་ཡུག་དང་སྤྱི་ཚོགས་ཀྱི་ལམ་ལུགས་ལ་གནོད་སྐྱོན་ཚབས་ཆེན་བཟོས་ཡོད་པས། དཀྲོག་གཏམ་དང་ཟིང་འཁྲུག་བསླངས་པའི་བྱ་སྤྱོད་ཀྱི་ནག་ཉེས་འོག་བཀག་ཉར་ཐག་གཅོད་བྱས་སྐོར་བཀོད་འདུག་ན་ཡང་། བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ནས་བཀྲ་ཤིས་དབང་ཕྱུག་ལགས་ནས། དོན་དངོས་ནག་ཉེས་ག་རེ་བྱས་ཡོད་སོགས་ཞིབ་ཕྲ་མེད་ན་ཡང་། གཙོ་བོ་ཁོང་གིས་བོད་སྐད་ཡིག་གི་ཐོབ་ཐང་སྐོར་ནས་སྐད་ཆ་བཤད་རྐྱེན་ཡིན་པ་འགྲེལ་བརྗོད་གནང་གི་འདུག

འདི་ལོའི་ཟླ་ ༧ ནང་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་ཁྲིམས་རྩོད་པ་ལེན་ཆིའུ་ལའེ་ (Lin Qilei) ལགས་སུ་ཐུག་འཕྲད་བྱས་ཀྱང་། རྗེས་སུ་ཡུལ་ཤུལ་ས་གནས་ཉེན་རྟོག་པས་ཁོང་འབོད་འགུག་དང་དམ་དྲག་བྱས་རྐྱེན། བཀྲ་ཤིས་དབང་ཕྱུག་ལགས་ནས་ང་དང་ཐུག་འཕྲད་དང་སྐད་ཆ་བཤད་རྒྱུར་མི་བདེ་བ་བྱུང་གི་ཡོད་པས། ཁོང་དང་མཉམ་དུ་ཡུལ་ཤུལ་གྱི་མཛེས་ལྗོངས་ལ་དུས་ཡུན་རིང་བོར་མཉམ་རོལ་བྱེད་བསམ་པ་དེ་བྱུང་མ་སོང་ཞེས་བྲིས་འདུག་ལ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ངག་དབང་ལུང་རྟོགས་ལགས་ནས། བཀྲ་ཤིས་དབང་ཕྱུག་ལགས་སུ་ཡུན་རིང་བཙོན་འཇུག་རྗེས་ཀློད་གྲོལ་བྱུང་རྗེས་མུ་མཐུད་དམ་དྲག་དང་སྟངས་འཛིན་ཤུགས་ཆེར་བྱེད་བཞིན་པ་མ་ཟད། ༢༠༢༣ ལོའི་ཟླ་ ༨ ནང་ཁོང་སེར་ཤུལ་ས་གནས་སུ་ཡུལ་སྐོར་ལ་འགྲོ་སྐབས། རྒྱ་ནག་གི་འབྲེལ་ཡོད་མི་སྣས་རྗེས་འདེད་དང་མགྲོན་ཁང་གླ་མི་ཆོག་པ་སོགས། འགྲོ་འདུག་ཐད་དམ་དྲག་དང་སུན་གཙེར་ཤུགས་ཆེ་བྱས་ཡོད་པ་འགྲེལ་བརྗོད་གནང་བྱུང་།

བཀྲ་ཤིས་དབང་ཕྱུག་ལགས་ནས་ཕྱི་ལོ་ ༢༠༡༥ ཙམ་ནས་བཟུང་རྒྱ་ནག་གཞུང་གིས་བོད་ནང་དུ་བོད་སྐད་ཡིག་རྩ་མེད་ཀྱི་སྲིད་བྱུས་ལག་བསྟར་ཁག་ལ་ངོ་རྒོལ་ལས་འགུལ་སྤེལ་འགོ་ཚུགས་ཏེ། ཁོང་ནས་རྒྱ་ནག་གཞུང་གིས་ངེས་པར་དུ་མི་རིགས་རང་སྐྱོང་ཁུལ་གྱི་བཅའ་ཁྲིམས་ནང་གསལ་ལྟར་བོད་སྐད་ཡིག་སྲུང་སྐྱོབ་དགོས་པའི་འབོད་སྐུལ་ཞུ་གཏུག་དང་། རྒྱ་ནག་གི་པེ་ཅིན་གྲོང་ཁྱེར་དུ་ཡོད་པའི་ཨ་རིའི་ནིའུ་ཡོག་དུས་བབ་ཡན་ལག་གི་གསར་འགོད་པར་བོད་ཁུལ་གྱི་སློབ་གསོའི་དཀའ་ངལ་འགྲེལ་བརྗོད་བྱས་ཏེ་ཕྱིར་བསྒྲགས་བྱས་པར་བརྟེན། ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༢༧ ཉིན་ཡུལ་ཤུལ་ཉེན་རྟོག་པས་གསང་བའི་ཐོག་ནས་ཁོང་འཛིན་བཟུང་བྱས་ཏེ། ལོ་དེའི་ཟླ་ ༣ ཚེས་ ༢༤ བར་ནང་མིར་ཤེས་རྟོགས་བྱུང་བཅུག་མེད་པ་མ་ཟད། ནང་མི་སྤུན་མཆེད་སོགས་ལ་ཐུག་ཏུ་མ་བཅུག་པར་བཀག་ཉར་བྱས་ཏེ་ལོ་ ༢ ལྷག་བཞག་ཡོད་པ་རེད། ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༢༢ ཉིན་ཡུལ་ཤུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས། རྒྱལ་ཁབ་ཁ་བྲལ་གཏོང་ཐབས་ཀྱི་བྱ་སྤྱོད་སྤེལ་བའི་ཉེས་མིང་འོག བཀྲ་ཤིས་དབང་ཕྱུག་ལགས་སུ་ལོ་ ༥ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ༢༠༢༡ ལོའི་ཟླ་ ༡ ཚེས་ ༡༤ ཉིན་ཀློད་གྲོལ་བཏང་ཡོད་པ་རེད།

གསར་འགོད་པ། བདེ་ཆེན་དབང་མོ།

རྩོམ་སྒྲིག་པ། བསྟན་འཛིན་པདྨ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org