ཆབ་སྲིད་བཙོན་ཟུར་བཀྲ་ཤིས་ཕུན་ཚོགས་ལགས་ཡུན་རིང་ནད་ཀྱིས་མནར་རྗེས་སྐུ་གྲོངས་འདུག

ཆབ་སྲིད་བཙོན་ཟུར་བཀྲ་ཤིས་ཕུན་ཚོགས་ལགས་རྒྱ་ནག་གཞུང་གིས་ལོ་གཅིག་ལྷག་རིང་བཙོན་འཇུག་གིས་ཉེས་རྡུང་བཏང་རྐྱེན་ཡུན་རིང་ནད་ཀྱིས་མནར་བཞིན་སྐུ་གྲོངས་འདུག

བཀྲ་ཤིས་ཕུན་ཚོགས་ལགས། ༼ཟླ་ཚེས་མི་གསལ མཐུན་འགྱུར་པར་རིས། དགེ་བཤེས་ཚེ་རིང་རྡོ་རྗེ།

ཆབ་སྲིད་བཙོན་ཟུར་བཀྲ་ཤིས་ཕུན་ཚོགས་ལགས་རྒྱ་ནག་གཞུང་གིས་ལོ་གཅིག་ལྷག་རིང་བཙོན་འཇུག་གིས་ཉེས་རྡུང་བཏང་རྐྱེན་ཡུན་རིང་ནད་ཀྱིས་མནར་བཞིན་སྐུ་གྲོངས་འདུག  
དགུང་ལོ་༦༠་ཙམ་ལ་ཕེབས་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་བཀྲ་ཤིས་ཕུན་ཚོགས་ལགས་སྤྱི་ལོ་༢༠༢༠་ལོའི་སྤྱི་ཟླ་༣་པའི་ཚེས་༡༧་རེས་གཟའ་མིག་དམར་ཉིན། བོད་མདོ་ཁམས་ལི་ཐང་རྫོང་དུ་སྐུ་གྲོངས་ཡོད་པ། རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་སློབ་གཉེར་གནང་བཞིན་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་དགེ་བཤེས་ཚེ་རིང་རྡོ་རྗེ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་ངོ་སྤྲོད་གནང་བྱུང་། ཁོང་གིས་གསུངས་ན། བཀྲ་ཤིས་ཕུན་ཚོགས་ལགས་འདས་གྲོངས་སུ་ཕྱིན་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི། རྒྱ་ནག་གཞུང་གིས་དེ་སྔ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་སྐུ་འཁོར་དང་བཅས་བ་འཛིན་བཟུང་བྱས་ཏེ་ཉིན་བཅུའི་རྗེས་སུ། སྤྱི་ལོ་༢༠༠༢་ལོའི་སྤྱི་ཟླ་༤་པའི་ཚེས་༡༧་ཉིན་ལི་ཐང་རྫོང་ཨོ་ཐོག་དགོན་གྱི་དགེ་བསྐོས་ཟུར་པ་བཀྲ་ཤིས་ཕུན་ཚོགས་ལགས་འབར་རྫས་གས་གཏོར་དང་འབྲེལ་བ་ཡོད་ཚུལ་གྱི་ཉེས་མིང་འོག་འཛིན་བཟུང་བྱས་བ་དང་། དེ་ནས་ལོ་གཅིག་ལྷག་རིང་བཙོན་ཁང་དུ་ཉེས་རྡུང་ཚབས་ཆེན་བཏང་བ་སོགས་བྱས་མཐར་བཙོན་ཁང་ནས་གློད་གྲོལ་བཏང་ཡོད་ཀྱང་ཡུན་རིང་ནད་ཀྱིས་མནར་ཏེ་ཟླ་འདིའི་སྤྱི་ཚེས་༡༧་ཉིན་ལི་ཐང་རྫོང་དུ་འདས་གྲོངས་སུ་ཕྱིན་པ་འགྲེལ་བརྗོད་གནང་བྱུང་།
སྤྱིར་རྒྱ་ནག་གཞུང་གིས་བཀྲ་ཤིས་ཕུན་ཚོགས་ལགས་འཛིན་བཟུང་བྱས་ཏེ་དར་རྩེ་མདོའི་གཡག་རྭ་ཕུག་བཙོན་ཁང་དུ། ལོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད། འོན་ཀྱང་། ལོ་གཅིག་ལྷག་རིང་བཙོན་ཁང་དུ་ཉེས་རྡུང་དང་མནར་གཅོད་ཚབས་ཆེན་བཏང་བའི་དབང་གིས་ཚེ་སྲོག་གི་ཉེན་ཁར་ཐུག་པ་དང་། དེ་ནས་ཕྱིར་ནང་མིར་རྩིས་སྤྲོད་བྱས་བ་ཡིན་འདུག
བཀྲིས་ཕུན་ཚོགས་ལགས་ནི་༡༩༩༣་ལོར་ཉག་ཆུ་རྫོང་ཁུལ་དུ་རྒྱ་ནག་གཞུང་གིས་ཤིང་ནགས་གཅོད་འབྲེག་བྱས་པར་བཀག་འགོག་གི་ལས་འགུལ་སྤེལ་མཁན་གཙོ་བོ་ཞིག་ཡིན་ཞིང་། སྐབས་དེ་དུས་ས་གནས་རྫོང་གིས་འཛིན་བཟུང་བྱེད་རྩིས་བྱས་པར་མི་མང་རྒྱབ་ལངས་བྱས་ཏེ་མཐར་འཛིན་བཟུང་བྱེད་ཐུབ་མེད་པ་མ་ཟད། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཕེབས་བྱོལ་སྐབས་ཞིང་ཆེན་དང་རང་སྐྱོང་ཁུལ་དུ། རིན་པོ་ཆེ་མཆོག་ལ་མ་ཉེས་ཁ་གཡོག་གི་ཞུ་གཏུགས་བྱེད་མཁན་གྲས་སུའང་ཡོད་པ་དང་། ཁོང་མདོ་ཁམས་ལི་ཐང་དུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གིས་ཕྱག་བཏབ་པའི་ཁམས་ནཱ་ལེན་དྲ་ཐེག་ཆེན་བྱང་ཆུབ་ཆོས་གླིང་དགོན་པའི་དགེ་བསྐོས་ཟུར་པ་ཡིན་པ་མ་ཟད། ལྷག་པར་དུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་ལམ་སྟོན་འོག་བཀྲིས་ཕུན་ཚོགས་ལགས་ཀྱིས་ལི་ཐང་དང་ཉག་ཆུ་རྫོང་སོགས་ཀྱི་ནང་དུ་དགོན་སྡེ་གསར་འཛུགས་དང་། སྤྱི་ཚོགས་ཞབས་ཕྱིའི་ཐོག་ལ་ཕན་ཐོགས་ཤུགས་ཆེན་གནང་ཡོད་པ་ཡང་དགེ་བཤེས་ཚེ་རིང་རྡོ་རྗེ་ལགས་ཀྱིས་འགྲེལ་བརྗོད་གནང་གི་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org