སངས་རྒྱས་ཀྱི་བསྟན་པ་རྒྱས་པ་དང་༸རྒྱལ་བ་ཡབ་སྲས་སྐུ་ཚེ་བརྟན་ཕྱིར་བཀྲིས་ལྷུན་པོའི་དགུ་གཏོར་གར་འཆམ་སྐྱོན་སོང་།

སངས་རྒྱས་ཀྱི་བསྟན་པ་རྒྱས་པ་དང་༸རྒྱལ་བ་ཡབ་སྲས་རྣམ་གཉིས་ཀྱི་དབུས་པའི་རིས་མེད་སྐྱེས་ཆེན་དམ་པ་སྐུ་ཚེ་ཞབས་པད་བརྟན་ཅིང་བོད་དོན་བདེན་མཐའ་མྱུར་དུ་བསལ་རྒྱུ་སོགས་ཀྱི་ཆེད་དུ་དམིགས་ཏེ་གདན་ས་བཀྲིས་ལྷུན་པོའི་དགུ་གཏོར་གར་འཆམ་བསྐྱོན་གནང་སོང་།

གར་འཆམ་སྐྱོན་བཞིན་པ། ༢༠༢༥།༠༢།༢༧ RFA

སངས་རྒྱས་ཀྱི་བསྟན་པ་རྒྱས་པ་དང་༸རྒྱལ་བ་ཡབ་སྲས་རྣམ་གཉིས་ཀྱི་དབུས་པའི་རིས་མེད་སྐྱེས་ཆེན་དམ་པ་སྐུ་ཚེ་ཞབས་པད་བརྟན་ཅིང་བོད་དོན་བདེན་མཐའ་མྱུར་དུ་བསལ་རྒྱུ་སོགས་ཀྱི་ཆེད་དུ་དམིགས་ཏེ་གདན་ས་བཀྲིས་ལྷུན་པོའི་དགུ་གཏོར་གར་འཆམ་བསྐྱོན་གནང་སོང་།

དེ་ཡང་ཕྱི་ལོ་ ༢༠༢༥ ཟླ་བ་ ༠༢ ཚེས་ ༢༧ བོད་ཟླ་ ༡༢ ཚེས་ ༢༩ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་རྟེན་གཞི་བྱས་པའི་གདན་ས་བཀྲིས་ལྷུན་པོའི་ནང་༸པཎ་ཆེན་སྐུ་ཕྲེང་ལྔ་པ་རྗེ་བཙུན་བློ་བཟང་ཡེ་ཤེས་མཆོག་གིས་སྲོལ་གཏོད་མཛད་པའི་བཀྲིས་ལྷུན་པོའི་གསང་སྔགས་རྒྱུད་པ་གྲྭ་ཚང་གི་དགུ་གཏོང་གར་འཆམ་མི་ཉམས་རྒྱུད་འཛིན་དང་། ལྷག་པར་སངས་རྒྱས་ཀྱི་བསྟན་པ་རྒྱས་པ་དང་༸རྒྱལ་བ་ཡབ་སྲས་རྣམ་གཉིས་ཀྱི་དབུས་པའི་རིས་མེད་སྐྱེས་ཆེན་དམ་པ་རྣམས་སྐུ་ཚེ་ཞབས་པད་བརྟན་ཅིང་བོད་དོན་བདེན་མཐའ་མྱུར་དུ་བསལ་རྒྱུ་སོགས་ཀྱི་ཆེད་དུ་དམིགས་ཏེ་དགུ་གཏོར་གར་འཆམ་བསྐྱོན་གནང་ཡོད་པ་དང་། གར་འཆམ་དེའི་སྐོར་གདན་ས་བཀྲིས་ལྷུན་པའི་དགོན་པའི་དཀའ་ཆེན་བློ་བཟང་ཐུགས་རྗེ་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་དོན་ལ། བཀྲིས་ལྷུན་པོའི་དགུ་གཏོར་གར་འཆམ་འདིའི་ནང་ཆོས་རྒྱལ་ཡབ་ཡུམ་གཉིས་དང་འཁོར་བརྒྱད་ཀྱི་གཙོས་པའི་འཆམ་སྣ་འདྲ་མིན་བཅུ་གསུམ་ཡོད་ཅིང་། དེ་ཡང་བཀྲིས་ལྷུན་པོའི་གར་འཆམ་དེ་ཐོག་མར་བཀྲིས་ལྷུན་པོའི་སྔགས་པ་གྲྭ་ཚང་གི་མཁན་རིན་པོ་ཆེ་དགེ་ལེགས་ལགས་ཞུ་བ་ཞིག་གིས་པཎ་བློ་བཟང་ཡེ་ཤེས་མཆོག་ལ་རི་བའི་དགེ་ལུགས་ནང་གར་འཆམ་ཡོད་མེད་བཀའ་འདྲི་གནང་བ་དང་མཉམ་དུ་གར་འཆམ་ཞིག་སྲོལ་གཏོད་གནང་བའི་གསལ་འདེབས་ཞུས་པ་གཞིར་བཟུང་པཎ་བློ་བཟང་ཡེ་ཤེས་མཆོག་གིས་གར་འཆམ་དེ་བཞིན་ཤམ་བྷ་ལ་ནས་གདན་འདྲེན་ཞུས་པ་ཞིག་ཡིན་པ་གསུང་གི་འདུག

གཞི་རྩའི་ཉེ་ཆར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་རྟེན་གཞི་བྱས་པའི་གདན་ས་བཀྲིས་ལྷུན་པོའི་དགོན་པའི་ནང་ཟླ་བ་གཅིག་དང་ཕྱེད་ཀ་ཙམ་གྱི་རིང་སྐུ་ལྷོད་གནང་ཆེད་ཞབས་ཀྱིས་བཅག་པར་བརྟེན་སྦེལ་ཀོབ་གཞིས་ཆགས་སྤྱི་དང་། ལྷག་པར་བཀྲིས་ལྷུན་པོའི་སྣོད་བཅུད་གཉིས་ལ་བྱིན་གྱིས་རླབས་དེ་སྐལ་པ་བཟང་པོ་བྱུང་བ་མ་ཟད། དེ་རིང་སངས་རྒྱས་ཀྱི་བསྟན་པ་རྒྱས་པ་དང་༸རྒྱལ་བ་ཡབ་སྲས་རྣམ་གཉིས་ཀྱི་སྐུ་ཚེ་ཞབས་པད་བརྟན་རྒྱུ་སོགས་ཀྱི་ཆེད་དུ་དམིགས་ཏེ་དགུ་གཏོར་གར་འཆམ་བསྐྱོན་རྒྱུ་བྱུང་བ་དེ་ནི་ཧ་ཅང་སྐལ་པ་བཟང་པོ་རེད་ཅེས་བཀྲིས་ལྷུན་པོའི་མཁན་ཟུར་དཀའ་ཆེན་བློ་བཟང་ཚེ་བརྟན་ལགས་ཀྱིས་གསུང་གནང་བྱུང་།

དེ་རིང་བཀྲིས་ལྷུན་པའི་དགུ་གཏོར་གར་འཆམ་མཇལ་བར་སྦེ་ལ་ཀོ་པི་ལུགས་བདེ་གཞིས་ཁུངས་གཉིས་ཀྱི་ལས་སྣེ་དང་། བོད་མི་སེར་སྐྱ་མི་མང་རྒན་གཞོན་བར་གསུམ་དང་ཕྱོགས་མཐའ་བོད་མི་ཁག་གཅིག་ཕེབས་འདུག་ལ། ཕྱི་དྲོ་བཀྲིས་ལྷུན་པའི་དགུ་གཏོར་གར་འཆམ་མཇུག་སྒྲིལ་བྱུང་མཚམས་སུ་གཏོར་རྒྱག་བསྐྱོན་གནང་ཡོད་པ་རེད་འདུག དེ་མཚུངས་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་རིས་མེད་ཆོས་ཁག་སོ་སོའི་ནང་གྲྭ་ཚང་སོ་སོའི་ཐུན་མོང་མ་ཡིན་པའི་ཕྱག་བཞེད་དང་འབྲེལ་བའི་སྒོ་ནས་དགུ་གཏོར་འཕེན་གྱི་ཡོད་པ་རེད། །

གསར་འགོད་པ། པདྨ་དངོས་གྲུབ། 

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་། 

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་ནོར་འཛོམས། 

 

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org