ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བཀའ་བློན་འོས་འདེམས་ངོས་ལེན་གནང་མི་འདུག

སྤྱི་འཐུས་ལྷན་ཚོགས་ཀྱིས་རྫོང་དཀར་སྟོབས་རྒྱལ་ཚེ་རིང་ལགས་བཀའ་བློན་དུ་འོས་འདེམས་བྱས་བ་དེ་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁྲིམས་འགལ་ཡིན་ཚུལ་གྱིས་ངོས་ལེན་གནང་མི་འདུག

ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་དྲུང་བཀྲ་ཤིས་རྒྱ་མཚོ། ༢༠༡༩།༤།༤ RFA

སྤྱི་འཐུས་ལྷན་ཚོགས་ཀྱིས་རྫོང་དཀར་སྟོབས་རྒྱལ་ཚེ་རིང་ལགས་བཀའ་བློན་དུ་འོས་འདེམས་བྱས་བ་དེ་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁྲིམས་འགལ་ཡིན་ཚུལ་གྱིས་ངོས་ལེན་གནང་མི་འདུག
ཉེ་ལམ་སྐབས་༡༦པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གྲོས་ཚོགས་ཚོགས་དུས་༧པའི་ཐོག་སྲིད་སྐྱོང་གིས་བཏོན་པའི་བཀའ་བློན་འོས་མི་རྫོང་དཀར་སྟོབས་རྒྱལ་ཚེ་རིང་ལགས་གྲོས་ཚོགས་ནང་བཀའ་བློན་དུ་འདེམས་ཐོན་ཐག་གཅོད་ཀྱི་གསལ་བསྒྲགས་གནང་བ་དེ། ངོ་ཡོད་སྤྱི་འཐུས་༤༣ཡོད་ཁོངས་ཀྱི་འོས་ཐོབ་གྲངས་༢༡བརྒྱ་ཆ་ལ་རྩིས་སྐོར་ན། བརྒྱ་ཆ་༤༨་༨༤ལས་ལོན་མེད་པས་བཅའ་ཁྲིམས་ལེའུ་བཞི་པའི་དོན་ཚན་༢༢ནང་གསལ། ངོ་ཡོད་སྤྱི་འཐུས་ཀྱི་བརྒྱ་ཆ་ལྔ་བཅུ་ལས་མ་ཉུང་བའི་འོས་ཤོག་ཐོབ་དགོས་ཀྱི་འབྲུ་དོན་དང་འགལ་སྟབས། འོས་ཐོབ་མ་བྱུང་བའི་འོས་གཞི་དེར་ལས་ཁུར་དང་དམ་འབུལ་ཞུ་སྐུལ་བྱུང་བ། ཁྲིམས་ཞིབ་ཁང་གིས་ངོས་བཞེས་གནང་ཐབས་མེད་པའི་ཐག་གཅོད་བྱས་ལུགས་ཀྱི་གསལ་བཤད་ཡིག་ཆ་བཞུགས་སྒར་དུ་སྤྱི་ཟླ་༤པའི་ཚེས་༤ཉིན་ཁྲིམས་ཞིབ་ཟུང་དྲུང་ཐུབ་བསྟན་ཚེ་རིང་ལགས་ཀྱིས་བརྒྱུད་བསྒྲགས་གནང་ཡོད་པ་རེད།
གཞན་ཡང་ཁྲིམས་དྲུང་བཀྲ་ཤིས་རྒྱ་མཚོ་ལགས་ཀྱིས་ཁྲིམས་ཞིབ་ཁང་ནས་གྲོས་ཚོགས་ཀྱིས་ལས་དོན་བྱེད་ཕྱོགས་ལ་ཐེ་བྱུས་དང་། སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲིག་གཞི་དང་མཐུན་མིན་ལ་རྩད་གཅོད་བྱས་མེད་པར། བཅའ་ཁྲིམས་ཀྱི་ཆ་རྐྱེན་མ་ཚང་བར་འོས་ཐོན་གསལ་བསྒྲགས་དེ་ཁྲིམས་ཞིབ་ཁང་གིས་རྩིས་མེད་བཏང་བ་ཡིན་ཞེས་གསལ་བཤད་གནང་འདུག
ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་སྤྱི་འཐུས་ལྷན་ཚོགས་ཀྱི་ཐག་གཅོད་དེ་བཅའ་ཁྲིམས་དང་དངོས་སུ་འགལ་ལུགས་ཀྱིས་རྩིས་མེད་བཏང་ཡོད་ནའང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས། སྤྱི་འཐུས་ལྷན་ཚོགས་ཀྱིས་ལས་འགན་བསྒྲུབ་དགོས་པ་དེ་ཏག་ཏག་བསྒྲུབས་ཡོད་ལ་བཅའ་ཁྲིམས་བསྐྱར་བཅོས་ཀྱི་དོན་ཚན་མང་པོ་ཅིག་རྩ་འབོར་གྱི་གསུམ་ཆ་གཉིས་ཀྱི་ཐོག་ནས་འགྲོ་དགོས་པ་དང་། ཉུང་ཤས་ཤིག་བཞི་ཆ་གསུམ་གྱི་ཐོག་ནས་འགྲོ་དགོས་པ་མ་གཏོགས། སྐར་ཆ་ཁ་ཤས་འདང་མིན་མང་ཉུང་རྩིས་དགོས་ཀྱི་མེད་པས་ན་སྤྱི་ལྷན་གྱི་ངོས་ནས་བཅའ་ཁྲིམས་དང་འགལ་མེད་ཅེས་གསལ་བཤད་གནང་ཡོད་པ་རེད།
ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་སྤྱི་འཐུས་ཀྱིས་བཅའ་ཁྲིམས་ལ་འགྲེལ་ལོག་བརྒྱབས་པ་དེ་ནུས་མེད་ཡིན་པ་དང་། བཅའ་ཁྲིམས་ལ་འགྲེལ་བཤད་རྒྱག་པའི་དབང་ཚད་ནི་ཁྲིམས་ཞིབ་ཁང་ལ་མ་གཏོགས་སུ་ལའང་མེད་ལ་ཁྲིམས་སྲུང་སྐྱོབ་བྱེད་རྒྱུ་ནི་ཁྲིམས་ཞིབ་ཁང་གི་ལྡོག་ཏུ་མེད་པའི་ལས་འགན་ཡིན་པ་སོགས་གསལ་བཤད་གནང་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org