སྐུ་སྒེར་དྲུང་ཟུར་རྟ་ར་བ་མཆོག་སྐུ་གཤེགས་པར་མྱ་ངན།
སྐུ་སྒེར་དྲུང་ཆེ་ཟུར་བ་རྟ་ར་བ་བསྟན་འཛིན་ཆོས་ཉིད་མཆོག་རྡ་ས་ནོར་བུ་གླིང་ཁ་རུ་སྐུ་གཤེཊ་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་གཞུང་གིས་མྱ་ངན་གུས་འདུད་ཀྱིས་ལས་ཁུངས་ཁག་སྒོ་རྒྱབ་འདུག
-
2013-01-14 -
-
-
དེ་ཡང་འདི་གའི་གསར་འགོད་པས་གནས་ཚུལ་བཏང་དོན། སྐུ་སྒེར་ཡིག་ཚང་གི་དྲུང་ཆེ་ཟུར་པ་རྟ་ར་བ་བསྟན་འཛིན་ཆོས་ཉིད་མཆོག་བར་ལམ་ནས་སྐུ་བསྙུང་ནས་ཕྱི་ཟླ་ ༡ ཚེས་ ༡༤ སྔ་དྲོ་ཆུ་ཚོད་ ༡༡།༡༣ ཙམ་ལ་དགོངས་པ་རྫོགས་ཡོད་པ་དང་། ཚེས་ ༡༤ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣ པའི་ཐོག་བཞུགས་སྒར་རྡ་རམ་ས་ལའི་ལས་བྱེད་གསོལ་ཐབ་ཁང་གི་ཡང་སྟེང་ཚོགས་ཁང་དུ་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་དབུས་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། དེ་བཞིན་སྲི་ཞུའི་ལས་བྱེད་རྣམ་པ་བཅས་ཚང་འཛོམས་ཀྱིས་བཀའ་དྲུང་གཡུ་ཐོག་ཀརྨ་དགེ་ལགས་ཀྱིས་དམ་པ་ཁོང་གི་ལོ་རྒྱུས་སྙིང་བསྡུས་ངོ་སྤྲོད་དང་འབྲེལ་ཆུ་ཚོད་ ༤ བར་སྨོན་ལམ་གསུང་འདོན་གནང་ནས་མྱ་ངན་གུས་འདུད་ཀྱི་གདུང་སེམས་མཉམ་བསྐྱེད་ཆེད་ལས་ཁུངས་ཁག་སྒོ་བརྒྱབ་ཡོད་འདུག
དཔལ་ལྡན་སྐུ་སྒེར་ཡིག་ཚང་གི་དྲུང་ཆེ་ཟུར་པ་རྟ་ར་བ་བསྟན་འཛིན་ཆོས་ཉིད་མཆོག་གི་ནི་མི་ལོ་ ༦༡ རིང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། བོད་གཞུང་ལ་ཞབས་ཞུ་ཞུས་གནང་མྱོང་མཁན་གྱི་ལོ་རྒྱུས་སྟེང་མི་སྣ་ཧ་ཅང་བྱས་རྗེས་ཅན་ཞིག་ཡིན་པ་རེད། དམ་པ་ཁོང་ནི་མྱང་སྟོད་རྒྱལ་རྩེ་རྫོང་ཁོངས་མཁར་ཁ་གཞིས་སུ་ཕྱི་ལོ་ ༡༩༢༠ ལོར་ཕ་སྐལ་བཟང་ཆོས་འབྱོར་དང་། མ་བདེ་སྐྱིད་མཚོ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཐོག་མར་ཕྱི་ལོ་ ༡༩༤༡ ལོར་གཞུང་ཞབས་རྩེ་དྲུང་གི་ཕྱག་ལས་གནང་ཡོད་པ་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་དཀར་ནག་གིས་མཚོན་ཕྱི་ནང་ཆིབས་སྒྱུར་གར་གནང་ལ་༧རྒྱལ་བའི་ཆིབས་ཞབས་ལྷན་བཅར་ཞུས་གནང་ཡོད་འདུག་། ལྷག་པར་ཕྱི་ལོ་ ༡༩༥༩ ལོར་ལྷ་སར་རྒྱ་མིས་བོད་གཞུང་ལ་དྲག་མནོན་ཛ་དྲག་གི་ཉེན་ཁའི་སྐབས་ལྷ་ས་ཁུལ་སེར་སྐྱ་མང་ཚོགས་ནས་སྐུ་ཕྱྭའི་ཆེད་དང་། བླང་སྒྲིག་འཛུགས་ཚན་པ་ཁག་ལ་ཇུས་འགོད་དབུ་འདོམས་བཀའ་བཀོད་ཁང་གི་དབུ་འཁྲིད་ཁོངས་མང་མོས་འོས་འདེམས་ལྟར་ཕྱི་ནང་གསང་གསུམ་གྱིས་སྐུ་ཕྱྭའི་སྲུང་སྐྱོབ་དང་། དེ་བཞིན་༧གོང་ས་མཆོག་རྒྱ་གར་དུ་གདན་ཞུ་གནང་བ་དང་། བཙན་བྱོལ་དུ་ཕེབས་ཏེ་སྐུ་ཚེ་མཐའ་འཁྱོངས་སྐུ་སྒེར་དྲུང་ཆེའི་ཐུགས་འགན་རྐང་བཞེས་གནང་ཡོད་འདུག
དམ་པ་ཁོང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ཆེའི་ཕྱི་ནང་མང་ཚོགས་ལ་བཀའ་སློབ་སྔ་ཕྱི་རིམ་རྩལ་སྡེ་ཚན་གླེགས་བམ་ཕྱོགས་བསྒྲིགས་གནང་ཡོད་པ་དང་། ཡང་སྒོས་སྐུ་ཚེའི་ལོ་རྒྱུས་ཕྱག་དེབ་ཅིག་ཀྱང་རྩོམ་བྲིས་གནང་ཡོད་འདུག