ཐའེ་ལྦན་གྱི་གནས་སྟངས་ངོས་འཛིན་བྱེད་དགོས་པའི་སྐུལ་འདེད།

ཐའེ་ལྦན་གྱི་སྲིད་འཛིན་ཡིས་རྒྱ་ནག་ནང་དམངས་གཙོ་དང་རང་དབང་དེ་བཞིན་ཐའེ་ལྦན་གྱི་གནས་སྟངས་ངོས་འཛིན་བྱེད་དགོས་པའི་སྐུལ་མ།

༄༅༎ཐའེ་ལྦན་གྱི་སྲིད་འཛིན་མྭ་ཡིངྗུ་ ཡིས་རྒྱ་ནག་ནང་དམངས་གཙོ་དང་རང་དབང་གི་འབོད་སྒྲ་ལོ་བརྒྱ་ཙམ་གོང་ནས་སྒྲོག་བཞིན་པ་ཁས་ལེན་གྱིས་ཐའེ་ལྦན་གྱི་གནས་སྟངས་ངོས་འཛིན་བྱེད་དགོས་པའི་སྐུལ་འདེད་གནང་འདུག
དེ་ཡང་རྒྱ་ནག་གྱི་སྲིད་འཛིན་ཧུ་ཅིན་ཏོའི་ཡིས་ཉིན་གཅིག་གོང་རྒྱ་ནག་དང་ཐའེ་ལྦན་གཉིས་ཞི་བའི་ཐོག་ནས་ཟླ་སྒྲིལ་བྱེད་དགོས་པ་དང་ ཐའེ་ལྦན་གྱིས་རང་བཙན་འཐབ་རྩོད་དོར་དགོས་པའི་གཏམ་བཤད་གནང་བའི་རྗེས་སུ་ སྲིད་འཛིན་མྭ་ཡིངྗུ་ཡིས་རྒྱ་ནག་གཞུང་གིས་དམངས་གཙོ་དང་རང་དབང་གི་ལམ་སྲོལ་ལག་ལེན་བསྟར་དགོས་ལུགས་ལན་འདེབས་གནང་འདུག ཕྱི་ལོ་༡༩༡༡ལོར་ སན་ཡརྚེ་སན་(Sun Yat-sen) གྱིས་དབུ་ཁྲིད་པའི་གསར་བརྗེའི་གྱེན་ལངས་བྱུང་ནས་ལོ་བརྒྱ་ཐམ་པ་འཁོར་བའི་དུས་དྲན་སྲུང་བརྩིའི་འདུ་འཛོམས་ཐོག་སྲིད་འཛིན་མྭ་ཡིངྗུ་ཡིས་ སན་ཡརྚེ་སན་གྱིས་དགོངས་གཞི་གཙོ་བ་ནི་ རྒྱ་ནག་རང་དབང་དམངས་གཙོ་ལྡན་པའི་འདྲ་མཉམ་གྱི་སྤྱི་ཚོགས་ཤིག་ཏུ་འགྱུར་རྒྱུའི་དམིགས་ཡུལ་འཛིན་ཡོད་པ་དེ་ད་ཆ་རྒྱ་ནག་གི་དབུ་ཁྲིད་རྣམ་པས་ངོས་ལེན་གནང་དགོས་པ་དང༌། ཐའེ་ལྦན་ནི་རྒྱལ་ཁབ་ཅིག་གི་མིང་ཙམ་མ་ཡིན་པར་རང་དབང་དམངས་གཙོའི་སྤྱི་ཚོགས་ཤིག་ཡིན་པར་བརྟེན་རང་དབང་དང་དམངས་གཙོར་དགའ་བའི་རྒྱ་མི་རིགས་གཞན་པ་ཚོས་ཀྱང་མིག་དཔེ་ལྟ་ཡུལ་ཆགས་ཡོད་ལུགས་གསུང་པ་དང་སྦྲགས་ ཐའེ་ལྦན་གྱི་དམངས་གཙོ་ཡུན་རིང་གནས་གྱུར་ཅིག་ཅེས་གསུངས་གནང་འདུག ཐའེ་ལྦན་གྱི་སྲིད་འཛིན་གྱི་འོས་བསྡུ་ཕྱི་ལོ་༢༠༡༢ལོའི་ཕྱི་ཟླ་དང་པོའི་ནང་ཡིན་པ་དང་ སྲིད་འཛིན་མྭ་ཡིངྗུ་ཡི་ཁ་གཏད་ཕྱོགས་འགལ་དམངས་གཙོ་ཡར་ཐོན་ཚོགས་པའི་དབུ་ཁྲིད་ ལྕམ་སྐུ་ ཙའེ་ཨིང་ལྦན་ཡིན་པ་རེད། ད་ལྟའི་འཆར་རྒྱལ་ཁ་སུ་ལ་ཐོབ་མིན་ཚོད་དཔག་དཀའ་ཡང་ཐའེ་ལྦན་མི་མང་མང་ཆེ་བས་ཐའེ་ལྦན་རྒྱ་ནག་དང་ཟླ་སྒྲིལ་བྱེད་རྒྱུར་དགའ་མོས་བྱེད་ཀྱི་མེད་པ་ཡོངས་གྲགས་རེད༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org