ཐའེ་ལྦན་གྱི་ཚོང་པ་ཞིག་ལ་བཙོན་འཇུག་ཉེས་ཆད།
ཐའེ་ལྦན་གྱི་ཚོང་པ་ཞིག་ནས་རྒྱ་ནག་གི་བཀོད་ཇུས་བཞིན་ཐའེ་ལྦན་ནས་མེ་ཤུགས་འཕུར་མདེལ་གྱི་འཕྲུལ་རིག་ལག་རྩལ་ཉོ་ཐབས་བྱས་པའི་སྐོར།
-
2011-08-09 -
-
-
༄༅༎ཐའེ་ལྦན་གྱི་ཚོང་པ་ཞིག་ནས་རྒྱ་ནག་སྐམ་ས་ཆེན་མོའི་བཀོད་ཇུས་བཞིན་ཐའེ་ལྦན་ནས་མེ་ཤུགས་འཕུར་མདེལ་གྱི་འཕྲུལ་རིག་ལག་རྩལ་ཉོ་ཐབས་བྱས་པའི་ནག་ཉེས་སྐྱོན་འཛུགས་འོག་ ཐའེ་ལྦན་གྱི་ཆེས་མཐོའི་ཁྲིམས་ཁང་ནས་ཚོང་པ་དེར་དུས་ཡུན་ཟླ་བ་༡༨རིང་བཙོན་འཇུག་གི་ཉེས་ཆད་བཀལ་ཡོད་པའི་གནས་ཚུལ་ཐོན་འདུག་༎
ཐའེ་ལྦན་གྱི་ཆེས་མཐོའི་ཁྲིམས་ཁང་གིས་ཐག་གཅོད་གསལ་བསྒྲགས་བྱས་པའི་ནང་ ལོ་ན་༣༥ཡིན་པའི་ལའེ་ཀུན་ཁྲེ་ཟེར་བའི་ཐའེ་ལྦན་གྱི་ཚོང་པ་དེ་བཞིན་ ཐའེ་ལྦན་ནང་རྒྱ་ནག་སྐམ་ས་ཆེན་མོས་བདག་ཉར་བྱས་པའི་ཀམ་པིའུ་ཀྲར་བཟོ་ཚོང་ལས་ཁང་གི་ལས་བྱེད་པ་ཞིག་ཡིན་པ་རེད་ ཁོ་པས་ཐའེ་ལྦན་གྱི་རྐང་དམག་སྒྲིག་འཛུགས་ནང་དམག་སྤྱིའི་གོ་གནས་ཡོད་པའི་སློབ་གྲོགས་རྙིང་པ་ལ་ཨ་སྒོར་༢༠༠༠༠ཐམ་པའི་མ་དངུལ་གྱི་སླུ་ཐབས་བྱས་ཏེ་ ཐའེ་ལྦན་གྱི་མེ་ཤུགས་འཕུར་མདེལ་དང་འབྲེལ་བའི་འཕྲུལ་རིག་གི་གསང་གནས་ཉོ་ཐབས་བྱས་ཀྱང་ སློབ་གྲོགས་རྙིང་པ་དེས་དོན་རྐྱེན་དེ་དག་ལམ་སེང་ཐའེ་ལྦན་གྱི་གཞུང་འབྲེལ་ཚན་པ་ཁག་ལ་བརྩིས་སྤྲོད་བྱས་ཡོད་པ་དང་ དེ་རྗེས་ཉེ་སྔོན་ཕྱི་ཟླ་༥པའི་ནང་ ཁོ་པ་དོ་དམ་འཛིན་བཟུང་བྱས་ཡོད་པ་རེད་ གོང་གསལ་ཐའེ་ལྦན་གྱི་ཆེས་མཐོའི་ཁྲིམས་ཁང་གི་གསལ་བསྒྲགས་གནང་འཁོད་པར་གཞིགས་ན་ ཐའེ་ལྦན་ཉེན་རྟོག་ལས་ཁང་གིས་ཞིབ་འཇུག་མི་སྣས་ནག་ཉེས་ཕོག་པའི་ཐའེ་ལྦན་གྱི་ཚོང་པ་དེར་དོ་དམ་བཀག་ཉར་ཁང་ནང་ འདྲི་རྩད་བྱེད་སྐབས་ཚོང་པ་ལའེ་ཀུན་གྱིས་འདི་ལོའི་ཕྱི་ཟླ་གཉིས་པའི་ནང་རྒྱ་ནག་སྐམ་ས་ཆེན་མོའི་ཐའེ་ལྦན་ལས་དོན་ལྷན་ཁང་གི་མཐོ་རིམ་ལས་བྱེད་པ་ཞིག་ནས་ཁོ་པར་རྒྱ་ནག་སྐམ་ས་ཆེན་མོའི་ཆེད་ཐའེ་ལྦན་ནང་གསང་ཉུལ་གྱི་ལས་དོན་ནང་བཞུགས་རྒྱུའི་འབྲེལ་གཏུགས་བྱས་ཡོད་པའི་སྐོར་གསལ་འདོན་བྱས་བཞག ཐའེ་ལྦན་གྱི་སྲིད་འཛིན་མའ་དབྱིང་ཅོ་གིས་རྒྱ་ནག་སྐམ་ས་ཆེན་མོ་དང་འབྲེལ་ཐག་ཉེ་པོའི་སྲིད་ཇུས་བཟུང་ཡོད་རུང་ ཐའེ་ལྦན་ནང་རྒྱ་ནག་སྐམ་ས་ཆེན་མོའི་སོ་ཉུལ་གྱི་ལས་དོན་སྤེལ་བའི་དོན་རྐྱེན་ བསྟུད་མར་བྱུང་བཞིན་པར་བརྟེན་ སྲིད་འཛིན་མའ་དབྱིང་ཅོ་གིས་ཀྱང་རྒྱ་ནག་སྐམ་ས་ཆེན་མོའི་སོ་ཉུལ་གྱི་ལས་དོན་ལ་གདོང་ལེན་ནན་པོ་བྱ་གལ་ཆེ་བའི་གསལ་བརྡ་བཏང་ཡོད་༎