ཐའེ་ལྦན་གྱིས་མེ་ཤུགས་འཕུལ་མདེལ་གསར་བཟོའི་འཆར་གཞི།
ཐའེ་ལྦན་གྱིས་རྒྱང་ཐག་རིང་བའི་མེ་ཤུགས་འཕུར་མདེལ་གསར་བཟོ་བྱ་རྒྱུའི་འཆར་གཞི་བཏིང་བཞིན་ཡོད་སྐོར།
-
2011-08-22 -
-
-
༄༅༎ཐའེ་ལྦན་དང་རྒྱ་ནག་དབར་དམག་འཁྲུག་ལངས་བའི་གནས་སྟངས་ཤར་ཚེ། ཐའེ་ལྦན་གྱིས་རྒྱ་ནག་ཤར་ལྷོའི་མཚོ་ཁའི་དམག་གི་རྟེན་གཞི་ཐོག་གཏོར་རྒོལ་གཏོང་ཐུབ་པའི་རྒྱང་ཐག་རིང་བའི་མེ་ཤུགས་འཕུར་མདེལ་གསར་བཟོ་བྱ་རྒྱུའི་འཆར་གཞི་བཏིང་བཞིན་ཡོད་སྐོར་དེ་རིང་ཐའེ་ལྦན་གྱི་གྲོས་ཚོགས་འཐུས་མི་ཅིག་གིས་གསུངས་བཞག།
ཐའེ་ལྦན་བདེ་སྲུང་ལྷན་ཁང་གིས་འབེན་སར་ཏག་ཏག་འཁྱོལ་ཐུབ་པའི་མེ་ཤུགས་འཕུར་མདེལ་གསར་བཟོའི་ལས་གཞིའི་ཆེད་ཐའེ་ལྦན་སྒོར་ས་ཡ་༣༠ཟུར་བཅད་གནང་ཡོད་སྐོར་ཐའེ་ལྦན་རྒྱལ་སྲུང་ཚོགས་ཆུང་གི་རྒྱུན་ལས་ཚོགས་མི་གྲོས་ཚོགས་འཐུས་མི་ལིན་ཡུ་ཕང་ཡིས་འགྲེལ་བརྗོད་གནང་འདུག།
གཞུང་འཛིན་གོ་མིང་ཏང་ཚོགས་པའི་འཐུས་མི་ལིན་གྱིས་ཐའེ་ལྦན་གྱིས་གསར་བཟོ་བྱ་རྒྱུའི་གོ་མཚོན་གསར་པ་དེའི་སྐོར་གནས་ཚུལ་ཞིབ་ཕྲ་ད་ལྟ་ཐོན་མེད་ལུགས་གསུངས་འདུག། འོན་ཀྱང་ཐའེ་ལྦན་བདེ་སྲུང་ལྷན་ཁང་གིས་གྲོས་ཚོགས་འཐུས་མི་ལིན་གྱི་གསུངས་པའི་བཀའ་མོལ་དེའི་སྐོར་འགྲེལ་བཤད་གང་ཡང་གནང་མི་འདུག།
ལིན་ཡུ་ཕང་ཡིས་གལ་ཏེ་རྒྱ་ནག་དང་ཐའེ་ལྦན་དབར་དམག་འཐབ་བྱུང་ཚེ། ཐའེ་ལྦན་ཕྱོགས་ནས་མཁའ་ཐོག་གཏོར་རྒོལ་ལ་འགོག་སྲུང་དང༌། རྒྱ་ནག་ཤར་ལྷོའི་མཚོ་ཁར་ཡོད་པའི་མེ་ཤུགས་འཕུར་མདེལ་གྱི་རྟེན་གཞི་དེ་ཚོར་རྙོབས་ཐུབ་པའི་གོ་མཚོན་དགོས་ཀྱི་རེད། དེ་ལྟར་བྱ་ཐུབ་རྒྱུར་སྐམ་ས་ཆེན་པོའི་འབེན་སའི་ཉེ་འགྲམ་འཁྲུག་འཛིང་གནམ་གྲུ་བཏང་ནས་གནམ་གྲུའི་ཁ་ལོ་པའི་སྲོག་ལ་ཉེན་ཁ་བཟོ་མི་དགོས་པར་ས་ཐོག་ནས་ཁ་སྒྱུར་བྱས་པའི་མེ་ཤུགས་འཕུར་མདེལ་བཟོ་སྐྲུན་བྱ་རྒྱུ་དེ་གལ་ཆེ་ཡིན་སྐོར་འགྲེལ་བརྗོད་གནང་བཞག།