ཐེ་ཝན་དུ་བོད་བརྒྱུད་ནང་བསྟན་གྱི་གླེང་སྟེགས་ཐེངས་གཉིས་པ་དེ་འཚོགས་པ།

ཐེ་ཝན་དུ་བོད་བརྒྱུད་ནང་བསྟན་གྱི་གླེང་སྟེགས་ཐེངས་གཉིས་པ་དེ་འཚོགས་པ།

ཐེ་ཝན་དུ་བོད་བརྒྱུད་ནང་བསྟན་གྱི་གླེང་སྟེགས་སྐབས། ༢༠༢༥།༠༡།༡༦ ཉིན། CTA

ཐེ་ཝན་དོན་གཅོད་ཁང་ནས་ལམ་སྟོན་བཀོད་འདོམས་གནང་བ་བཞིན། ཞོན་ཙང་གཙུག་ལག་སློབ་གཉེར་ཁང་གི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཁང་དང་། ཐེ་ཝན་གྱི་ནང་ཆོས་ཞིབ་འཇུག་ཁང་། ཐེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ། ཐེ་ཝན་བསླབ་གསུམ་ཆོས་ཚོགས་བཅས་ནས་གོ་སྒྲིག་གནང་སྟེ། ཟླ་ ༡ ཚེས་ ༡༦ ནས་ ༡༧ བཅས་ཉིན་གཅིག་དང་ཕྱེད་ཀྱི་རིང་བོད་བརྒྱུད་ནང་བསྟན་གྱི་གླེང་སྟེགས་ཐེངས་གཉིས་པ་འཚོགས་ཡོད་ཅིང་།གླེང་སྟེགས་དེར་བོད་རྒྱ་ལེགས་སྦྱར་གསུམ་གྱི་སྐད་ཡིག་ཐོག་ནས་ནང་ཆོས་ཀྱི་གཞུང་ལ་ཉམས་ཞིབ་དང་སྒྲ་སྒྱུར་པ །སློབ་དཔོན། དཔེ་འཁྲིད་དགེ་རྒན་བཅས་བོད་དང་ཐེ་ཝན་གྱི་མཁས་པ་ཉི་ཤུ་ཙམ་གྱིས། ཡིག་འབྲུ་ཁྲི་ལས་བརྒལ་བའི་དཔྱད་རྩོམ་བདུན་དང་། རྩོམ་ཐུང་ ༡༣ ཙམ་སྒྲོག་སྦྱང་གནང་ཡོད་པའི་མུར། ནང་བསྟན་གྱི་གཞུང་ཆེན་ཁག་སྒྲ་སྒྱུར་གྱི་མིང་ཚིག་གཅིག་གྱུར་ཡོང་ཐབས་དང་། དྲ་ལམ་སོགས་སུ་བགྲོ་གླེང་གི་སྡིངས་ཆ་སྐྲུན་ཐབས།ལོ་ཙཱ་བ་གསོ་སྐྱོང་དང་གླེང་སྟེགས་རྒྱུན་སྐྱོང་སོགས་ཀྱི་ཐོག་གོ་བསྡུར་གནང་ཡོད་པ།ཐེ་ཝན་དོན་གཅོད་འབའ་སྐལ་བཟང་རྒྱལ་མཚན་ལགས་ནས་འགྲེལ་བརྗོད་གནང་གི་འདུག

གཞན་ཡང་ཁོང་གིས་ཐེ་ཝན་ནང་མི་ལོ་བཞི་བཅུ་ཙམ་གྱི་རིང་ལེགས་སྦྱར་དང་བོད་ཡིག རྒྱ་ཡིག་བཅས་ལ་མཁས་པ་མང་པོ་ལྷན་འཛོམས་གྱིས་བགྲོ་གླེང་གནང་ཐུབ་པ་སྔོན་མ་ཐེངས་གཅིག་མ་གཏོགས་འཚོགས་ཐུབ་མེད་པ་དེ་རྒྱུན་ཆད་ཡོད་པས། གླེང་སྟེགས་འདི་རྒྱུན་སྐྱོང་གིས་ལོ་རེ་ལ་ཐེངས་རེ་འཚོག་རྒྱུའི་རེ་བ་ཚང་མས་གནང་གི་ཡོད་པ་སོགས་ཀྱིས། འབྱུང་འགྱུར་ཕྱོགས་ཡོངས་ནས་མི་ཤུགས་དང་ཐོན་ནུས་མཉམ་རུབ་བྱ་ཐུབ་ན། བོད་རིག་པའི་ཐོག་ཉམས་ཞིབ་དང་ནང་ཆོས་དང་ཆོས་བརྒྱུད་གཞན་བཅས་ལ་འབྲེལ་བ་བཟོ་རྒྱུར་སྡིངས་ཆ་ཡག་པོ་ཞིག་ཡོང་བའི་གདེང་ཚོད་བསླེབས་སོང་ཞེས་འགྲེལ་བརྗོད་གནང་སོང་།

ཐེ་ཝན་དུ་བོད་བརྒྱུད་ནང་བསྟན་གྱི་གླེང་སྟེགས་སྐབས། ༢༠༢༥།༠༡།༡༦ ཉིན།

ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་ལས་འགན་གྱི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ནང་ཆོས་ཀྱི་ཐེབས་རྩ་ཡིན་པའི་ཆ་ནས། ནང་ཆོས་དང་འབྲེལ་བའི་ཐོག་ཕན་ཚུན་ཉམས་མྱོང་སྤེལ་རེས་དང་། མཁས་དབང་གདན་འདྲེན་བགྲོ་གླེང་སོགས་གནང་ལམ་ཡོད་པ་བཞིན། ཐེ་ཝན་གྱི་ཞོན་ཙང་གཙུག་ལག་སློབ་གཉེར་ཁང་གི་ནང་བར་ལམ་ནས་དོན་གཅོད་ཁང་གིས་འབད་བརྩོན་གནང་བའི་བརྒྱུད། སློབ་གྲྭ་དེའི་ནང་བོད་བརྒྱུད་ནང་བསྟན་གྱི་ཞིབ་འཇུག་ཚོགས་པ་བཙུགས་པ་དང་།སློབ་ཚན་ནང་བོད་རིག་པའི་བསླབ་གཞི་བཅུག་ཐུབ་པ། དོན་གཅོད་ལས་ཁང་གི་ལྟ་གྲུབ་སློབ་དཔོན་གྱིས་སློབ་དཔོན་ལས་རོགས་ཀྱི་མཚན་གནས་ཐོག་སློབ་ཁྲིད་གནང་བ་མ་ཟད། བོད་ཀྱི་མཁན་པོ་དགེ་བཤེས་ལ་སོགས་པའི་ལག་ཁྱེར་ཐེ་ཝན་ནང་ངོས་འཛིན་གནང་གི་མེད་པས། ཐེ་ཝན་གཞུང་གི་དམིགས་བསལ་སྲིད་ཇུས་འོག་ཆེད་ལས་མཁས་དབང་གི་མིང་ཐོག་ལག་ཁྱེར་ཅིག་ཕུལ་སྲོལ་ཡོད་པ་དེ། ཞོན་ཙང་གཙུག་ལག་སློབ་གཉེར་ཁང་དུ་བོད་ཀྱི་དགེ་འདུན་པ་མང་པོས་སློབ་གཉེར་གྱིས་ཕྱག་ཁྱེར་རག་ཐུབ་པའི་གྲུབ་འབྲས་ཐོན་གནང་ཡོད་པ་རེད།

གསར་འགོད་པ། བློ་བྷེ།

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org