ཐའེ་ལྦན་གྱིས་༢།༢༨དུས་དྲན་ཞི་བའི་ཐོག་ནས་སྲུང་བརྩི་ཞུ་རྒྱུ།

ཐའེ་ལྦན་གྱི་སྲིད་འཛིན་མའ་དབྱིང་ཇའུ་ཡིས་ནས་༢།༢༨ཞེས་འབོད་པའི་དུས་དྲན་དེར་ཞི་བའི་ཐོག་ནས་སྲུང་བརྩི་ཞུ་རྒྱུའི་འབོད་སྐུལ་གནང་ཡོད་པ།

༄༅༎ཐའེ་ལྦན་ནང་གོ་མིན་ཏང་གི་དམག་དཔུང་གིས་ཐའེ་ལྦན་མི་མང་ཐོག་དྲག་གནོན་བྱས་ནས་མི་གྲངས་མང་པོའི་ཚེ་སྲོག་ཤོར་བ་དང་ད་དུང་ཡང་མི་ག་ཚོད་ལ་བཙན་གནོན་ཕོག་ཡོད་མེད་ཤེས་རྟོགས་གསལ་པོ་མེད་པའི་དོན་རྐྱེན་དེ་བྱུང་ནས་ལོ་ངོ་དྲུག་ཅུ་རེ་གཉིས་འཁོར་བའི་དུས་དྲན་གྱི་ཉིན་ཐའེ་ལྦན་གྱི་སྲིད་འཛིན་མའ་དབྱིང་འཇུའི་ཡིས་དུས་དྲན་དེར་ཞི་བའི་ཐོག་ནས་སྲུང་བརྩི་ཞུ་རྒྱུའི་འབོད་སྐུལ་གནང་ཡོད་པ་རེད།

གཟའ་སྤེན་པའི་ཉིན་སྲིད་འཛིན་མའ་དབྱིང་ཇའུ་ཐའེ་ལྦན་གྱི་ཀའོ་ཞུང་གྲོང་ཁྱེར་དུ་༢༢༨ཞེས་འབོད་པའི་དུས་དྲན་དེར་སྲུང་བརྩིའི་ལྷན་ཚོགས་ཐོག་ཆེད་ཕེབས་གནང་སྟེ་གསུང་བཤད་གནང་ཡོད་ཅིང་ཁོང་གིས་གནས་ཚུལ་དེ་རིགས་མ་འོངས་ཐའེ་ལྦན་ནང་ནམ་ཡང་མི་ཡོང་རྒྱུའི་ཐུགས་རེ་གནང་གི་ཡོད་པར་ཁར་ཐའེ་ལྦན་དེ་བཞིན་ཞི་བདེ་དང་རང་དབང་དམངས་གཙོ་ལྡན་པའི་ཡུལ་གྲུ་ཞིག་ཡོང་རྒྱུའི་ཐུགས་རེ་གནང་གི་ཡོད་ཅིང་ང་ཚོས་དོན་རྐྱེན་དེ་ཚོར་དྲན་གསོ་བྱས་ནས་དེའི་ཐོག་ནས་ཉམས་མྱོང་ལེན་ཏེ་འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་ཐུན་ལམ་ལུགས་འཐུས་གུ་ཚང་དུ་གཏང་རྒྱུ་དེ་གལ་འགངས་ཆེན་པོ་ཞིག་ཡིན་པའི་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད།

སྲིད་འཛིན་མའ་དབྱིང་ཇའུ་ཡིས་གསུང་བཤད་གནང་བའི་སྐབས་དྲན་གསོའི་འདུ་འཛོམས་སྤེལ་སའི་གཡས་གཡོན་དུ་ཉེན་རྟོག་སྲུང་བྱ་ཧ་ཅང་གི་དམ་པོ་ཡོད་ན་ཡང་ཐའེ་ལྦན་རང་བཙན་ལ་རྒྱབ་སྐྱོར་གནང་མཁན་གྱི་མི་སྣ་ཁག་ཅིག་གིས་ཚོགས་རའི་ནང་སྲིད་འཛིན་མའ་དབྱིང་ཇའུ་ལ་ངོ་རྒོལ་གྱི་སྐད་འབོད་ཤུགས་ཆེ་བྱས་ཡོད་འདུག ༡༩༤༧ལོའི་ཕྱི་ཟླ་གཉིས་པའི་ཚེས་ཉི་ཤུ་བརྒྱད་ཉིན་སྐབས་དེ་དུས་ཀྱི་རྒྱ་ནག་གི་དབང་འཛིན་པ་གོ་མིན་ཏང་ཚོགས་པའི་ཉེན་རྟོག་པ་ཞིག་གིས་ཐའེ་ལྦན་གྱི་བེུད་ཅིག་གིས་དཔྱ་ཕྲལ་མ་སྤྲད་པར་ཐ་མག་ཚོང་གི་ཡོད་པར་ངེས་བཙུགས་ཀྱིས་བེུད་དེར་ཉེས་རྡུང་བཏང་བའི་རྐྱེན་གྱིས་ཐའེ་ལྦན་རྒྱལ་ཡོངས་སུ་ངོ་རྒོལ་གྱི་ཐོ་རླབས་ཆེན་པོ་ཞིག་བྱུང་ནས་དེའི་སྐབས་ཀྱི་གོ་མིན་ཏང་ཚོགས་པའི་དབུ་ཁྲིད་ཇང་ཅང་ཧྲེ་ཡིས་བཀའ་རྒྱ་བཏང་སྟེ་རྒྱ་ནག་སྐམ་ས་ཆེན་པོ་ནས་དམག་དཔུང་བསྐོངས་ཏེ་ངོ་རྒོལ་ལས་འགུལ་དེར་དྲག་གནོན་བྱས་ནས་མི་གྲངས་མང་པོའི་ཚེ་སྲོག་ཤོར་ཡོད་པ་དང་མི་ཕོན་ཆེར་དོན་རྐྱེན་དེའི་འོག་བཙན་གནོན་ཕོག་ཡོད་པ་རེད། དེའི་སྐབས་ཀྱི་གནས་ཚུལ་དངོས་གོ་མིན་ཏང་ཚོགས་པའི་དབུ་ཁྲིད་ཅང་ཅད་ཧྲེ་༡༩༧༥ལོར་འདས་གྲོངས་སུ་ཕེབས་པའི་རྗེས་སུ་མ་གཏོགས་བཀག་སྡོམ་གྱིས་ཕྱིར་བཏོན་བྱས་མེད་པ་རེད༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org