ཐེ་ཝན་གྲོས་ཚོགས་ནང་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ།

ཐེ་དབན་གྲོས་ཚོགས་ནང་ངོ་རྒོལ་བྱུང་ཡོད་ཀྱང་སྲིད་བློན་གྱིས་གན་རྒྱ་ཁྲིམས་ཡིག་ཏུ་བཟོ་རྒྱུའི་འཆར་གཞི་དེ་ཕྱིར་འཐེན་བྱ་རྒྱུ་མིན་ཞེས་གསུངས་འདུག

ཐེ་ཝན་གྲོས་ཚོགས་ནང་ངོ་རྒོལ་གྱི་ལས་འགུལ་སྤེལ་ཏེ་བདག་བཟུང་བྱེད་བཞིན་པའི་འདྲ་པར། ཨེ་ཨེཕ་པི།

༄༅༎ཐེ་ཝན་གྲོས་ཚོགས་ནང་ངོ་རྒོལ་གྱི་ལས་འགུལ་སྤེལ་ཏེ་བདག་བཟུང་བྱ་མཁན་ཚོས་ཐེ་ཝན་དང་རྒྱ་ནག་དབར་བཞག་པའི་ཚོང་དོན་གྲོས་མཐུན་ཁག་ཁྲིམས་ཐོག་ནས་གཏན་འབེབས་བྱ་རྒྱུའི་དགོས་འདུན་བཏོན་བཞིན་ཡོད་ཀྱང་། གཟའ་སྤེན་པའི་ཉིན་ཐེ་ཝན་གྱི་སྲིད་བློན་ ཇིཡང་ ཡི་ཧུཝས་ གྲོས་མཐུན་གྲོས་ཚོགས་ནས་ཕྱིར་འཐེན་བྱ་རྒྱུ་མིན་ལུགས་གསུངས་འདུག།
ཐེ་ཝན་གཞུང་དང་ངོ་རྒོལ་བ་ཚོའི་དབར་ཐད་ཀར་གྲོས་མོལ་གནང་ཆེད་ཐེ་ཝན་གྱི་སྲིད་བློན་གྲོས་ཚོགས་ཀྱི་སྐུ་སྲུང་མང་པོ་དང་མཉམ་དུ་ཕེབས་ཤིང་། ངོ་རྒོལ་བ་ཚོས་ཁོང་དགོངས་ཞུ་དགོས་པའི་འབོད་ཚིག་ཀྱང་བསྒྲགས་པ་ཐེ་ཝན་གྱི་བརྙན་འཕྲིན་ཐོག་བསྟན་འདུག། སྲིད་བློན་ ཇིཡང་གིས་ གྲོས་ཚོགས་ཀྱི་ཕྱི་ཕྱོགས་སུ་གནས་པའི་མང་ཚོགས་འདུ་འཛོམས་ཤིག་ལ། ང་ཚོ་བློན་ཆེན་ལྷན་ཚོགས་ནས་ཐེ་ཝན་དང་རྒྱ་ནག་དབར་སྲི་ཞུའི་ལས་དོན་དང་འབྲེལ་བའི་གན་རྒྱ་དེ་གྲོས་ཚོགས་སུ་ཕུལ་བ་ཡིན། ང་ཚོས་གན་རྒྱ་འདིས་ཐེ་ཝན་གྱི་ཚོང་ལས་གུ་ཡངས་ཅན་དུ་འགྱུར་རྒྱུ་དང་ཐེ་ཝན་རྒྱལ་སྤྱི་ཅན་དུ་འགྱུར་ཐབས་སོགས་ལ་ཕན་ཐོགས་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད། དེར་བརྟེན་གན་རྒྱ་ཁྲིམས་ཡིག་ཏུ་བཟོ་རྒྱུའི་འཆར་གཞི་དེ་ཕྱིར་འཐེན་བྱེད་རྒྱུ་མིན་ཞེས་གསུངས་འདུག།  འོན་ཀྱང་ཁོང་གིས་གན་རྒྱའི་འབྲུ་དོན་རེ་རེའི་ཐོག་བསྐྱར་ཞིབ་བྱ་རྒྱུར་རྒྱབ་སྐྱོར་གནང་རྒྱུའི་ཁས་ལེན་གནང་འདུག།
ངོ་རྒོལ་བ་ཚོས་ཐེ་ཝན་དང་རྒྱ་ནག་དབར་བཞག་པའི་ཞབས་ཞུའི་ལས་རིགས་ཐོག་གི་གན་རྒྱ་དེས་ཐེ་ཝན་གྱི་དཔལ་འབྱོར་ལ་གནོད་སྐྱོན་གཏོང་རྒྱུ་མ་ཟད། རྒྱ་ནག་གི་ངོས་ནས་ཆབ་སྲིད་ཀྱི་གནོན་ཤུགས་གནས་དགོས་པ་ཆགས་རྒྱུ་ཡིན་པ་བརྗོད་བཞིན་ཡོད་པ་རེད། གཟའ་མིག་དམར་ཉིན་ངོ་རྒོལ་བ་སློབ་ཕྲུག་ཉི་བརྒྱ་ལྷག་གྲོས་ཚོགས་ནང་འཛུལ་ཏེ་གན་རྒྱ་དེའི་ཐོག་བགྲོ་གླེང་བཀག་སྡོམ་བྱེད་བཞིན་ཡོད་ཅིང་། ངོ་རྒོལ་དེ་དག་ད་དུང་ཡང་གྲོས་ཚོགས་ནང་གནས་མུས་ཡིན་པ་རེད།།

གསར་འགོད་པ་སྐལ་ལྡན་བློ་གྲོས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org