ཐེ་དབན་ནང་བོད་དང་ཤིང་ཅང་གློག་བརྙན་ལ་རྒྱབ་སྐྱོར།
ཐེ་དབན་གྱི་ཕྱོཊ་འགལ་ཚོཊ་པས་མུ་མཐུད་ནས་བོད་དང་ཤིན་ཅང་སྐོར་གྱི་གློག་བརྙན་ཐེ་དབན་ནང་མང་ཙམ་སྟོན་རྒྱུའི་འདོད་ཚུལ་བཏོན་ཡོད་པ་རེད།
-
2009-09-25 -
-
-
༄༅༎ཐེ་དབན་གྱི་ཕྱོགས་འགལ་དམངས་གཙོ་ཡར་ཐོན་ཚོགས་པས་རྒྱ་ནག་གཞུང་གིས་ངོ་རྒོལ་བྱེད་མིན་ལ་མ་ལྟོས་པར།ཐེ་དབན་དེ་བཞིན་རང་དབང་ལྡན་པའི་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས།བོད་དང་ཤིན་ཅང་སྐོར་གྱི་གློག་བརྙན་ད་དུང་མང་ཙམ་སྟོན་རྒྱུའི་འཆར་གཞི་ཡོད་པ་གཟའ་པ་སངས་ཉིན་འགྲེལ་བརྗོད་གནང་བཞག
ཐེ་དབན་གྱི་ཕྱོགས་འགལ་དམངས་གཙོ་ཡར་ཐོན་ཚོགས་པའི་མགྲིན་ཚབ་པ་སིཀིའི་ཆ་བོ་ཡིས་མུ་མཐུད་གསུངས་ན།ཉེ་བའི་ཆར་བོད་ཀྱི་དབུ་ཁྲིད་༧གོང་ས་ཏ་ལའི་བླ་མ་མཆོག་ཐེ་དབན་དུ་གདན་འདྲེན་ཞུས་པ་དང་།དེ་བཞིན་འཛམ་གླིང་ཡུ་གུར་ལྷན་ཚོགས་ཀྱི་ཚོགས་གཙོ་ལྕམ་ར་བི་ཡ་ཁ་དར་གྱི་ལོ་རྒྱུས་ཀྱི་དངོས་ཤུས་གློག་བརྙན་ཐེ་དབན་གྱི་གྲོང་ཁྱེར་ཀའོ་ཞུང་ནང་སྤེལ་རྒྱུའི་གློག་བརྙན་དུས་སྟོན་ཐོག་སྟོན་རྒྱུའི་ཐག་གཅོད་བྱུང་བའི་རྗེས།རྒྱ་ནག་གཞུང་གིས་ཀའོ་ཞུང་ས་ཁུལ་དུ་རྒྱ་ནག་གི་ཡུལ་འཁོར་སྤྲོ་འཆམ་དང་ཚོང་དོན་ལས་རིགས་སྤེལ་རྒྱུར་བཀག་སྡོམ་བྱས་པ་མ་ཟད་།རྒྱ་ནག་གི་དངོས་ཟོག་དབོར་འདྲེན་གྱི་གྲུ་གཟིངས་ཀའོ་ཞུང་གྲུ་ཁར་མི་བབས་པ་སོགས་ཀྱི་བྱ་སྤྱོད་དེ་རིགས་ནི།ཐེ་དབན་གྱི་ནང་སྲིད་ལ་ཐེ་བྱུས་བྱས་པ་ཞིག་ཡིན་པས།གལ་སྲིད་ཐེ་དབན་གྱིས་རྒྱ་ནག་གི་གང་བཤད་སྒྲུབ་ཚེ་མ་འོངས་རྒྱ་ནག་གི་ཆོག་ཆན་མེད་པར་ཐེ་དབན་ནང་གློག་བརྙན་སོགས་རང་ཉིད་ཀྱི་འདོད་མོས་བཞིན་ལས་དོན་གང་ཡང་སྤེལ་ཐབས་མེད་པ་རེད་ཅེས་གསུངས་བཞག
རྒྱ་ནག་གཞུང་གིས་ཡུ་གུར་བེུད་ལྕམ་ར་བི་ཡ་ཁ་དར་ནི་ཤིན་ཅང་ནང་ཉེ་ཆར་བྱུང་བའི་དུས་ཟིང་གི་བྱེད་ལྟེ་དང་།ཤིན་ཅང་ཁ་བྲལ་གཏོང་མཁན་གྱི་བྱེད་ལྟེ་ཡིན་ལུགས་སྐྱོན་འཛུགས་བྱས་ནས།ཁོང་སྐོར་གྱི་གློག་བརྙན་སྟོན་རྒྱུ་དང་ཐེ་དབན་ནང་ཕེབས་རྒྱུར་ཐེ་དབན་གཞུང་གིས་མཐོང་མཆན་སྤྲོད་རྒྱུ་མེད་པའི་ཉེན་བརྡའི་འོག་ཐེ་དབན་གཞུང་གིས་རྒྱ་ནག་དང་ཐེ་དབན་དབར་དེང་སྐབས་ཡར་རྒྱས་འགྲོ་བཞིན་པའི་འབྲེལ་ལམ་ལ་གནོད་སྐྱོན་མི་ཡོང་བའི་ཐབས་ལམ་འཛིན་གྱི་ཡོད་པའི་ཁར་གཟའ་པ་སངས་ཉིན་།ཐེ་དབན་གྱི་གསར་ཤོག་ཆེ་ཁག་གཉིས་ཀྱིས་ཀྱང་།ཐེ་དབན་གཞུང་གིས་ར་བི་ཡ་ཁ་དར་ཐེ་དབན་ནང་ཕེབས་རྒྱུར་མཐོང་མཆན་གནང་རྒྱུ་མེད་པའི་ཛ་དྲག་གི་འབོད་སྐུལ་ཞུས་ཡོད་པ་དང་།ད་རེས་ཕྱྱི་ཚེས་ཉི་ཤུ་རྩ་ལྔའི་ཉིན།ཐེ་དབན་ནང་སྲིད་བློན་ཆེན་ཅང་དབྱིས་ཧའ་ནས་ཐེ་དབན་གཞུང་གིས་ཐེ་དབན་རྒྱལ་ཁབ་ཀྱི་མཁེ་ཕན་ལ་བསམ་ཞིབ་བྱས་ནས།ཡུ་གུར་བེུད་ལྕམ་ར་བི་ཡ་ཁ་དར་ཐེ་དབན་ནང་ཕེབས་རྒྱུར་མཐོང་མཆན་ཕུལ་རྒྱུ་མིན་པའི་ཐག་གཅོད་བྱས་པ་ཕྱིར་བསྒྲགས་བྱས་ཡོད་པ་དང་།ཐེ་དབན་གྱི་སྲིད་བློན་ཝུའུ་ཏུན་དབྱིད་ནས་ཀྱང་ཐེ་དབན་གཞུང་གིས་ནང་སྲིད་ལས་ཁང་གི་ཐག་གཅོད་ལ་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་གསུངས་བཞག།