ཐེ་དབན་གྱི་གསང་བའི་གནས་ཚུལ་རྒྱ་ནག་ལ་མཁོ་སྤྲོད་བྱས་པ།

ཉེ་ཆར་ཐེ་དབན་གྱི་དམག་སྤྱི་ཞིག་གིས་དམག་དོན་གྱི་གསང་བའི་གནས་ཚུལ་རྒྱ་ནག་ལ་མཁོ་སྤྲོད་བྱས་པའི་གྱོད་དོན་ཐོན་པའི་སྐོར།

༄༅༎ཉེ་ཆར་ཐེ་དབན་གྱི་དམག་སྤྱི་ཞིག་གིས་དམག་དོན་གྱི་གསང་བའི་གནས་ཚུལ་རྒྱ་ནག་ལ་མཁོ་སྤྲོད་བྱས་པའི་གྱོད་དོན་ཐོན་པ་དེ་ནི། ད་བར་མི་ལོ་༥༠རིང་ཐེ་དབན་ཕྱོགས་ནས་རྒྱ་ནག་གི་དྲག་པོའི་གཏོར་རྒོལ་གྱི་ཉེན་ཁར་གདོང་ལེན་བྱ་རྒྱུའི་སྲུང་སྐྱོབ་ཀྱི་ལས་དོན་ཐོག་གནོད་འཚེ་ཐབས་སྡུག་ཤོས་ཡིན་པ་ཐེ་དབན་གྱི་གསང་བའི་ལས་ཁང་གི་འགན་འཛིན་ཟུར་པ་ཞིག་གིས་ངོས་འཛིན་གནང་གི་ཡོད་པ་རེད།

ཉེ་ཆར་ཐེ་དབན་གྱི་སྲུང་སྐྱོབ་ལས་ཁུངས་ནས། ཐེ་དབན་གྱི་དྲག་པོའི་སྒྲིག་འཛུགས་ཀྱི་འབྲེལ་མཐུད་ཚན་པའི་འགན་འཛིན་བྱེད་མྱོང་མཁན་དམག་སྤྱི་ལོ་སི་ཆེ་ཡིས་ཐེ་དབན་གྱི་དམག་དོན་གྱི་གསང་བའི་གནས་ཚུལ་མང་པོ་ཞིག་རྒྱ་ནག་ལ་མཁོ་སྤྲོད་བྱས་ཏེ། དེ་དག་ནང་དུ་ཨ་མི་རི་ཀ་ནས་ཉོ་གྲུབ་བྱས་པའི་རྒྱལ་སྲུང་གི་འཕྲུལ་རིགས་ཀྱི་གསང་བའི་གནས་ཚུལ་ཀྱང་ཡོད་པའི་གསལ་བསྒྲགས་བྱས་ཡོད་པ་མ་ཟད། ཐེ་དབན་གྱི་རྒྱལ་སྤྱིའི་སྲུང་སྐྱོབ་དུས་དེབ་ཀྱི་རྩོམ་བྲིས་པ་ཨེ་རིཀ་ཧྲི་ཡིས། དམག་སྤྱི་ལོ་ཡིས་ད་དུང་ཐེ་དབན་གྱིས་ཨ་རི་ནས་ཉོ་གྲུབ་བྱས་པའི་མཁའ་དབྱིངས་མྱུལ་ཞིབ་གྱི་འཕྲུལ་ཆས་ཀྱི་གསང་བའི་གནས་ཚུལ་རྒྱ་ནག་ལ་མཁོ་སྤྲོད་བྱས་ཡོད་པའི་ངོས་འཛིན་གནང་གི་ཡོད་པ་མ་ཟད། གསར་འགྱུར་བརྒྱུད་ལམ་ཐོག་ལ། ལོ་ཡིས་ཐེ་དབན་གྱི་ཆེས་གསང་བའི་གནས་ཚུལ་མཁོ་སྤྲོད་བྱས་པ་དེ་རྣམས་རྒྱ་ནག་ཕྱོགས་ལ་ཧ་ཅང་གི་རིན་ཐང་ལྡན་པ་ཞིག་ཏུ་གྱུར་ཡོད་པའི་གནས་ཚུལ་སྤེལ་ཡོད་པ་རེད། དེར་བརྟེན་དེ་རིང་རེས་གཟའ་ཉི་མའི་ཉིན་ཐེ་དབན་རྒྱལ་ཡོངས་སྲུང་སྐྱོབ་ལྷན་ཁང་གི་སྤྱི་ཁྱབ་དྲུང་ཆེ་ཟུར་པ་སྐུ་ཞབས་ཐིང་ཡུ་ཁྲུ་ཞུ་བས། ཐེ་དབན་གྱི་དམག་སྤྱི་ལོ་ཡིས་རྒྱ་ནག་གི་གསང་མྱུལ་བྱས་ཏེ་ཐེ་དབན་གྱི་དམག་དོན་གྱི་གསང་བའི་གནས་ཚུལ་རྒྱ་ནག་ལ་མཁོ་སྤྲོད་བྱས་པའི་གནས་སྟངས་ཀྱི་ཐོག་ནས་ཐེ་དབན རྒྱལ་སྲུང་གི་ལས་དོན་མཐའ་དག་བསྐྱར་དུ་བསམ་ཞིབ་ནན་ཏན་བྱ་དགོས་ཀྱི་ཡོད་པ་དང༌། དམིགས་བསལ་ལོ་ནི་ཐེ་དབན་ཡི་དམག་དོན་གྱི་ཐབས་ཇུས་དང༌། རྒྱ་ནག་ཐོག་ཁ་གཏད་གདོང་ལེན་བྱ་རྒྱུའི་དམག་དོན་གྱི་འཆར་གཞིའི་ལས་དོན་ཐོག་ཐེ་ཇུས་ཆེན་པོ་ཡོད་པར་བརྟེན་ནས་དམག་དོན་འཆར་གཞིའི་ལས་དོན་དེའི་ཐོག་ཐེ་དབན་གྱི་ཕྱོགས་ལ་གནོད་འཚེ་ཆེན་པོ་བཟོས་ཡོད་པར་ངོས་འཛིན་གནང་གི་ཡོད་པ་རེད། ཡིན་ནའང་ཐེ་དབན་གྱི་སྲུང་སྐྱོབ་ལྷན་ཁང་གིས། ལོ་ཡི་བྱ་སྤྱོད་དེའི་ཐོག་ནས་ཐེ་དབན་གྱི་སྲུང་སྐྱོབ་ཀྱི་ལས་དོན་ཐོག་ལ་གནོད་འཚེ་ཇི་ཙམ་བཟོས་ཡོད་མིན་ད་ལྟ་གསལ་པོ་བརྗོད་དཀའ་བ་ཡིན་པ་གསུངས་ཡོད་ཀྱང། ཐིང་ཡུ་ཁྲུ་ཡིས། སྲུང་སྐྱོིབ་ལྷན་ཁང་ནས་གྲ་སྒྲིག་སྡུག་ས་ནས་བྱ་དགོས་པའི་ཉེན་བརྡ་བཏང་ཡོད་པ་རེད༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org