རྒྱ་ཐེ་ཡི་དབུ་ཁྲིད་རྣམ་གཉིས་ཐོལ་རྒྱག་གི་མཇལ་འཕྲད་གནང་རྒྱུ།

རྒྱ་ནག་གི་དང་ཐེ་ཝན་གྱི་དབུ་ཁྲིད་རྣམ་གཉིས་སིང་གྷ་པུར་དུ་གློ་བུར་ཐོལ་རྒྱག་གི་མཇལ་འཕྲད་གནང་གནང་རྒྱུ་ཡིན་པ།

ཐེ་ཝན་གྱི་སྲིད་འཛིན་Ma Ying-jeouདང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་རྣམ་གཉིས། པར་ཚགས

རྒྱ་ནག་གི་དང་ཐེ་ཝན་གྱི་དབུ་ཁྲིད་རྣམ་གཉིས་སིང་གྷ་པུར་དུ་གློ་བུར་ཐོལ་རྒྱག་གི་མཇལ་འཕྲད་གནང་གནང་རྒྱུ་ཡིན་པ།
དེ་ཡང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་མཆོག་དང་ཐེ་ཝན་གྱི་སྲིད་འཛིན་Ma Ying-jeouརྣམ་གཉིས་རེས་གཟའ་སྤེན་པའི་ཉིན་སིང་གྷ་པུར་དུ་མཇལ་འཕྲད་གནང་རྒྱུ་ཡིན་པ་དང་། དབུ་ཁྲིད་གཉིས་དབར་མཚོ་ཁ་ཕན་ཚུན་གྱི་མཐུན་འབྲེལ་ཡར་རྒྱས་གཏོང་ཕྱོགས་ཐད་གྲོས་མོལ་གནང་འཆར་ལས་གྲོས་ཆོད་གང་ཡང་འཇོགས་འཆར་མེད་པ་རེད་འདུག
དེ་ནི་རིང་མིན་ཕྱི་ཟླ་དང་པོའི་ནང་ཐེ་ཝན་གྱི་རྒྱལ་ཡོངས་འོས་བསྡུ་ཆེན་མོ་མ་གནང་གོང་། རྒྱ་ནག་དང་འབྲེལ་བ་ཤུགས་ཆེ་གནང་མཁན་གོ་མིན་ཏང་ཚོགས་པའི་དབུ་ཁྲིད་ཀྱིས་རྒྱ་ནག་གི་དབུ་ཁྲིད་དང་ལྷན་དུ་གློ་བུར་མཇལ་འཕྲད་གནང་བ་ཞིག་ཡིན་པ་མ་ཟད། དེ་ནི་ཕྱི་ལོ་༡༩༤༩ལོར་རྒྱ་ནག་གི་ནང་འཁྲུག་མཇུག་བསྒྲིལ་ནས་ཐེ་ཝན་རྒྱ་ནག་རྒྱལ་ཁབ་གཉིས་ཆགས་པའི་རྗེས། ཡུལ་གྲུ་གཉིས་ཀྱི་དབུ་ཁྲིད་དངོས་སུ་མཇལ་འཕྲད་གནང་བ་ཐོག་མ་དེ་ཆགས་རྒྱུ་ཡིན་པ་རེད།
ཕྱི་ཟླ་དང་པོའི་རྒྱལ་ཡོངས་འོས་བསྡུའི་ནང་གོ་མིན་ཏང་ཚོགས་པར་ཕམ་ཉེས་དང་མང་གཙོ་ཡར་ཐོན་ཚོགས་པར་རྒྱལ་ཁ་རག་པའི་རེ་བ་ཡོད་པ་རེད།
ཐེ་ཝན་གྱི་མང་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་གྱི་འོས་མི་Tsai Ing-wenམཆོག་གིས་ རྒྱ་ནག་དང་ཐེ་ཝན་གྱི་དབུ་ཁྲིད་ཧོབ་ཏེ་མཇལ་འཕྲད་གནང་རྒྱུའི་གནས་ཚུལ་འདི་ནི་ང་ཙམ་མིན་པར། ཐེ་ཝན་གྱི་མི་མང་ཚང་མ་ཧང་སངས་ཡོད་པ་དང་། ཐེ་ཝན་མི་མང་ལ་གསལ་པོར་ཞུ་རྒྱུར་འདི་ལྟ་བུའི་གློ་བུར་གྱི་བྲེལ་འཚུབ་དང་། ཟང་ཟིང་གི་མཇལ་འཕྲད་དེས་ཐེ་ཝན་གྱི་མང་གཙོར་གནོད་སྐྱོན་བཟོ་གི་རེད་ཅེས་གསུངས་འདུག
ཡང་ཆབ་སྲིད་མཁས་དབང་ཚོས། ད་ལན་གྱི་གློ་བུར་མཇལ་འཕྲད་དེ་ནི་གོ་མིན་ཏང་ཚོགས་པས་རྒྱ་ནག་དང་འབྲེལ་བ་མུ་མཐུད་བཟང་དུ་བཏང་གི་ཡོད་པའི་དྲིལ་བསྒྲགས་སྤེལ་ནས་གོ་མིན་ཏང་ཚོགས་པར་མུ་མཐུད་འོས་བསྡུའི་རྒྱལ་ཁ་རག་ཐབས་སུ་རྒྱ་ནག་གིས་ཆབ་སྲིད་ལས་འགུལ་སྤེལ་བ་ཞིག་ཡིན་ལུགས་གསུངས་འདུག
དེ་བཞིན་མང་གཙོ་ཚོགས་པའི་མགྲིན་ཚབ་པ་Cheng Yun-pengལགས་ཀྱིས་ཀྱང་། མཇལ་འཕྲད་གནང་རྒྱུའི་དུས་ཚོད་དེར་དོགས་པ་ཟ་དགོས་པ་ཞིག་རེད་ཅེས་གསུངས་འདུག

གསར་འགོད་པ་ཚེ་དབང་དངོས་གྲུབ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org