ཐེ་ཝན་གྱིས་རྒྱ་ནག་གི་གནམ་གྲུ་ཐེ་ཝན་གྱི་བར་སྣང་དུ་ཡོད་མེད་ལྟ་སྲུང་ནུས་བ་ཇེ་ཆེར་བཏང་འདུག

རྒྱ་ནག་གི་ཕྱོགས་ནས་ཐེ་ཝན་ལ་བདེ་སྲུང་གི་ཉེན་ཁ་ཡོང་བཞིན་པར་གདོང་ལེན་བྱ་ཆེད་ཐེ་ཝན་གྱིས་རྒྱ་ནག་གི་གནམ་གྲུ་ཐེ་ཝན་གྱི་བར་སྣང་དུ་ཡོད་མེད་ལྟ་སྲུང་གི་ནུས་བ་ཇེ་ཆེར་བཏང་འདུག

ཐེ་ཝན་གྱི་སྲིད་འཛིན་ལྕམ་ཚའེ་ཨིང་ཝིན་(Tsai Ing-Wen)་སྔོན་ཐོན་གནམ་གྲྭུ་སྦྱོང་བརྡར་ས་གནས་སུ་ཕེབས་སྐབས། ༦།༢༢།༢༠༢༠ AFP

རྒྱ་ནག་གི་ཕྱོགས་ནས་ཐེ་ཝན་ལ་བདེ་སྲུང་གི་ཉེན་ཁ་ཡོང་བཞིན་པར་གདོང་ལེན་བྱ་ཆེད་ཐེ་ཝན་གྱིས་རྒྱ་ནག་གི་གནམ་གྲུ་ཐེ་ཝན་གྱི་བར་སྣང་དུ་ཡོད་མེད་ལྟ་སྲུང་གི་ནུས་བ་ཇེ་ཆེར་བཏང་འདུག
ཐེ་ཝན་གྱི་དམག་དོན་ལྷན་ཁང་གིས་རྒྱ་ནག་གི་གནམ་གྲུ་ཐེ་ཝན་གྱི་བར་སྣང་དུ་ཡོད་མེད་ལྟ་སྲུང་བྱ་རྒྱུ་སྔ་ལོ་ལས་ལྡབ་གཉིས་ཙམ་ཀྱི་ནུས་པ་ཆེ་བ་ཡོད་པའི་གནམ་གྲུ་ཞིག་བཀོལ་སྤྱོད་བྱེད་བཞིན་ཡོད་པ་དང་། དེ་ནི་ཁྱིམ་མཚེས་སྟོབས་ཆེན་རྒྱལ་ཁབ་རྒྱ་ནག་གི་ཕྱོགས་ནས་བདེ་སྲུང་གི་ཉེན་ཁ་ཡོང་བཞིན་པར་གདོང་ལེན་བྱ་ཆེད་ཡིན་ལུགས་ཐེ་ཝན་གྱི་བདེ་སྲུང་བློན་ཆེན་ལྷན་ཁང་གིས་གསུང་འདུག
དེ་དང་ཕྱོགས་མཚུངས་ཨ་མི་རི་ཀ་དང་ཐེ་ཝན་གཉིས་ཁ་མཐུན་བྱེད་ཀྱི་ཡོད་ལུགས་རྒྱ་ནག་གིས་བརྗོད་བཞིན་པའི་ཐོག་ཐེ་ཝན་གྱི་ཕྱོགས་སུ་དམག་དོན་ལས་འགུལ་སྤེལ་རྒྱུ་མང་དུ་བཏང་ཡོད་པ་རེད། འདས་པའི་བདུན་ཕྲག་ཁ་ཤས་ནས་བཟུང་རྒྱ་ནག་གི་གནམ་དམག་གནམ་གྲུས་ཐེ་ཝན་མཚོ་འགྲམ་དཀྱིལ་ཐིག་བརྒལ་ནས་ཐེ་ཝན་གྱི་ལྷོ་ནུབ་ས་ཁུལ་གྱི་མཁའ་དབྱིངས་སུ་འཕུར་བསྐྱོད་བྱས་ཡོད་པ་དང་། ཐེ་ཝན་གྱི་དམག་དོན་ལྷན་ཁང་གིས་གྲོས་ཚོགས་སུ་ཕུལ་བའི་སྙན་ཐོའི་ངོ་བཤུས་ཤིག་རོའུ་ཀྲར་གསར་ལས་ཁང་ལ་ལག་སོན་བྱུང་བར་བསྐྱར་ཞིབ་བྱས་པར་གཞིགས་ན། འདི་ལོ་ཐེ་ཝན་གྱི་གནམ་དམག་དཔུང་སྡེས་རྒྱ་ནག་གི་གནམ་གྲུ་ཐེ་ཝན་གྱི་གནམ་ཐོག་འཕུར་བསྐྱོད་ཐེངས་༤༡༣༢ཙམ་བྱས་ཡོད་པ་དང་། དེ་ནི་སྔ་ལོའི་དུས་ཡུན་ཆ་ཚང་ལས་བརྒྱ་ཆ་༡༢༩ཙམ་མང་དུ་ཕྱིན་པ་ཞིག་ཡིན་འདུག
རྒྱ་ནག་གི་དམག་མིའི་གནམ་གྲུ་ཐེ་ཝན་མཚོ་ཁའི་བར་སྣང་ཁྱོན་དུ་འཕུར་བསྐྱོད་བྱས་ནས་ཐེ་ཝན་གྱི་བར་སྣང་གི་རྒྱ་ཁྱོན་ཇེ་ཆུང་དུ་གཏོང་ཐབས་བྱས་པ་དང་ཆབས་གཅིག ཐེ་ཝན་གྱི་ངོས་ནས་ཡ་ལན་གང་འདྲ་སློག་ཐུབ་ཀྱི་ཡོད་མེད་ཀྱི་ཚོད་ལྟ་ཡང་བྱས་ནས། ཐེ་ཝན་ཐོག་བདེ་སྲུང་ཀྱི་གནོན་ཤུགས་ཆེ་རུ་གཏོང་བཞིན་པ་དང་། དེ་བཞིན་ཧ་ཅང་མྱུར་པོའི་ཐོག་ནས་ཡར་རྒྱས་འགྲོ་བཞིན་པའི་རྒྱ་ནག་གི་དྲག་པོའི་དམག་གིས་ཐེ་ཝན་ཐོག་འབེན་འཛུགས་བྱེད་བཞིན་པ་ཡང་ཡིན་ལུགས་ཐེ་ཝན་གྱི་བདེ་སྲུང་ལྷན་ཁང་གིས་གསུང་འདུག
རྒྱ་ནག་གིས་ཐེ་ཝན་ནི་རྒྱ་ནག་དང་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་སྲིད་ཇུས་འཛིན་བཞིན་ཡིན་པ་དང་། ཨ་རིས་ཐེ་ཝན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་དང་། དེ་བཞིན་ཨ་རིའི་མི་སྣ་མཐོ་གྲས་ཐེ་ཝན་ནང་ཕེབས་པ་སོགས་ཀྱིས་རྒྱ་ནག་ཁོང་ཁྲོ་ཆེན་པོ་ལངས་བཞིན་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org