ཐའེ་ལྦན་དང་རྒྱ་ནག་བར་ཐད་ཀར་འབྲེལ་ལམ་འགོ་བཙུགས་བྱ་རྒྱུ།
ཐའེ་ལྦན་དང་རྒྱ་ནག་སྐམ་ས་ཆེན་པོའི་བར་ལ་མཚོ་ལམ་དང་མཁའ་ལམ་ཡིག་ཟམ་བཅས་ཀྱི་ལས་དོན་རྣམས་ཐད་ཀར་འབྲེལ་ལམ་འགོ་བཙུགས་བྱ་རྒྱུ།
-
2008-12-14 -
-
-
༄༅༎རེས་གཟའ་ཟླ་བ་ནས་ཐའེ་ལྦན་དང་རྒྱ་ནག་སྐམ་ས་ཆེན་པོའི་བར་ལ་མཚོ་ལམ་དང་མཁའ་ལམ་ཡིག་ཟམ་བཅས་ཀྱི་ལས་དོན་རྣམས་ཐད་ཀར་འབྲེལ་ལམ་འགོ་བཙུགས་བྱ་རྒྱུ་ཡིན་ཞིང་ལས་དོན་དེ་ནི་ཕྱི་ལོ་༡༩༤༩མཚོ་འགག་གཉིས་དུམ་བུར་ཕྱིན་པ་ནས་བཟུང་ཐད་ཀར་འགྲིམས་འགྲུལ་དང་ཡིག་ཟམ་འབྲེལ་ལམ་འགོ་བཙུགས་བྱས་པ་ཐེངས་དང་པོ་ཡིན་པ་རེད།
ཕྱི་ལོ་༡༩༤༩ལོར་ཐའེ་ལྦན་དང་རྒྱ་ནག་དུམ་བུར་ཕྱིན་པའི་རྗེས་རྒྱ་ནག་ཕྱོགས་ནས་ཐའེ་ལྦན་རྒྱ་ནག་གི་མངའ་འོག་ས་ཁུལ་ཡིན་པ་དང་གལ་ཏེ་དགོས་གལ་བྱུང་མཚམས་དྲག་པོའི་ཐོག་ནས་ལེན་རྒྱུ་ཡིན་པའི་འཇིགས་སྐུལ་བྱས་པ་མ་ཟད་ཕྱོགས་གཉིས་བར་ལ་མཚོ་ལམ་དང་མཁའ་ལམ་ཡིག་ཟམ་སོགས་ད་བར་ཧོང་ཀོང་ངམ་ཡང་ན་ཨའུ་མན་བརྒྱད་དེ་འབྲེལ་ལམ་བྱས་པ་ལས་ཐད་ཀར་འབྲེལ་ལམ་མེད་པ་རེད། གལ་ཏེ་ཐའེ་ལྦན་རྒྱལ་ས་ཐའེ་པེ་ནས་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧད་བར་ཐད་ཀར་གནམ་གྲུ་འཕུར་བསྐྱོད་བྱས་པ་ཡིན་ཚེ་ཚོུད་གཅིག་དང་སྐར་མ་ཉི་ཤུ་ལས་འགོར་གྱི་མེད་པ་དང་ཡིན་ནའང་ད་ལྟ་རྒྱ་ནག་དང་ཐའེ་ལྦན་བར་ལ་གཟའ་མཇུག་ཏུ་འཕུར་བསྐྱོད་བྱེད་བཞིན་པའི་མཁའ་འགྲུལ་དེ་ནི་ཧོང་ཀོང་བརྒྱུད་དེ་བསྐྱོད་དགོས་པར་བརྟེན་ནས་ཚོུད་གཉིས་དང་སྐར་མ་བཞི་ཅུ་ཞེ་གཉིས་འགོར་གྱི་ཡོད་པ་རེད།
ཡིན་ནའང་འདི་ལོ་རྒྱ་ནག་གི་མཛའ་གྲོགས་ཡིན་པའི་ཐའེ་ལྦན་གོ་མིང་ཏང་གི་ཚོགས་གཙོ་མ་ཡིང་ཅིཨོའུ་ཡིས་སྲིད་འཛིན་ཐུགས་འགན་བཞེས་པའི་རྗེས་རྒྱ་ནག་དང་ཐའེ་ལྦན་གྱི་འབྲེལ་ལམ་ཡར་རྒྱས་ཕྱོགས་སུ་འཕེལ་རྒྱས་ཕྱིན་ཏེ་ཁ་སྔོན་ཕྱི་ཟླ་དྲུག་པ་དང་བཅིུག་པའི་ནང་ཕྱོགས་གཉིས་བར་ཐད་ཀར་འགྲིམས་འགྲུལ་དང་ཡིག་ཟམ་གྱི་ལས་དོན་སྒོ་མོ་འབྱེད་རྒྱུའི་ཐད་གྲོས་མོལ་བྱུང་བ་བཞིན་ཐག་གཅོད་བྱུང་བ་ཞིག་ཡིན་ཞིང་རྒྱ་ནག་གི་ཐའེ་ལྦན་ཞིབ་འཇུག་ལས་ཁང་གི་འགན་འཛིན་གཞོན་པ་རུས་མིང་ཞུའུ་ཡིས་མཚོ་འགག་གཉིས་ཀྱི་འགྲིམས་འགྲུལ་དང་ཡིག་ཟམ་གྱི་ཐད་ཀའི་འབྲེལ་མཐུད་དེ་ནི་ལོ་རྒྱུས་ནང་རྒྱལ་ཁ་ཞིག་ཡིན་པ་དང་དེ་ཡིས་ཕྱོགས་གཉིས་བར་གྱི་མི་དམངས་དང་ཚོང་ལས་འབྲེལ་ལམ་གོང་འཕེལ་ཡོང་རྒྱུར་ཕན་ཐོགས་ཡོད་པའི་སྐོར་བཤད་ཡོད་པ་རེད།།