ཐེ་ནན་གྲོང་ཁྱེར་སྤྱི་ཁྱབ་པ་བོད་ཀྱི་དོན་གཅོད་ཁང་དུ་ཕེབས་འདུག
ཐེ་ཝན་གྱི་ཐེ་ནན་གྲོང་ཁྱེར་སྤྱི་ཁྱབ་པ་སྐུ་ཞབས་ལའི་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དུ་ཕེབས་ནས་ཐུགས་རྗེ་ཆེ་ཞུས་འདུག
-
2016-10-14 -
-
-
ཐེ་ཝན་གྱི་ཐེ་ནན་གྲོང་ཁྱེར་སྤྱི་ཁྱབ་པ་སྐུ་ཞབས་ལའི་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དུ་ཕེབས་ནས་ཐུགས་རྗེ་ཆེ་ཞུས་འདུག
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ལོ་ཐེ་ཝན་ལྷོ་ཕྱོགས་ཐེ་ནན་གྲོང་ཁྱེར་དུ་ས་ཡོམ་གྱི་གནོད་འཚེ་ཚབས་ཆེ་བྱུང་སྐབས་ཨ་སྒོར་ཁྲི་ལྔ་གསོལ་སྩལ་གནང་བར་ཐེ་ཝན་ཐེ་ནན་གྲོང་ཁྱེར་སྤྱི་ཁྱབ་པ་སྐུ་ཞབས་ལའི་ཡིས་ཐུགས་རྗེ་ཆེ་ཞུ་བར་ཆེད་དུ་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དུ་ཕེབས་འདུག
དེ་ཡང་ཕྱི་ཟླ་བཅུ་པའི་ཚེས་༡༣་ཉིན་ཐེ་ཝན་ཐེ་ནན་གྲོང་ཁྱེར་སྤྱི་ཁྱབ་པ་སྐུ་ཞབས་ལའི་ཆིང་ཏེ་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དུ་ཕེབས་སྐབས། ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་དཀར་གཙང་མཇལ་དར་སྒྲོན་གནང་བ་དང་སྦྲགས་བོད་ཀྱི་གནས་བབ་དང་། བོད་ས་ཤོར་ནས་བཙན་བྱོལ་དུ་ཡོང་བའི་ལོ་རྒྱུས་རྒྱབ་ལྗོངས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཐེ་ཝན་ནང་ཆིབས་བསྒྱུར་དང་། ཐེ་ཝན་དོན་གཅོད་ལས་ཁུངས་ཀྱི་ངོ་བོ་དང་ལས་དོན། ཐེ་ཝན་ནང་བོད་དོན་ལས་འགུལ། ཐེ་ཝན་གཞུང་མང་གཉིས་ནས་བོད་མིར་རྒྱབ་སྐྱོར་གནང་ཕྱོགས། ལྷག་དོན་དུ་ད་ལྟའི་ཆར་བོད་མིའི་དཔྱ་ཁྲལ་མ་དངུལ་ལག་དེབ་སྔོན་པོ་སྟེ་ཕྱི་རྒྱལ་མི་རིགས་ཀྱིས་བོད་དོན་དྭང་བླངས་ཞལ་འདེབས་འབུལ་མཁན་མང་ཤོས་དེ་ཐེ་ཝན་ཡུལ་གྲུ་ཆགས་ཡོད་སྐོར་སོགས་ངོ་སྤྲོད་སྙིང་བསྡུས་གནང་བའི་རྗེས། ཐེ་ཝན་དོན་ཁང་ནས་པར་སྐྲུན་གནང་བའི་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་དེབ་ཕྲེང་གྲངས་༡༤་དང་། ཟླ་གསུམ་དུས་དེབ་ཀུན་གསལ་འོད་སྣང་ཁྱོན་དེབ་ཕྲེང་༢༤ དེ་བཞིན་གངས་ལྗོངས་དཔེ་སྐྲུན་ཁང་ནས་པར་སྐྲུན་གནང་བའི་བོད་དོན་སྐོར་གྱི་དེབ་ཕྲེང་༢༤ གཞན་ཡང་༧གོང་ས་མཆོག་གི་བཀའ་སློབ་འོད་སྡེར་སོགས་འདོན་སྤེལ་ཟིན་པ་ཁག་བཤམས་ནས་ངོ་སྤྲོད་གནང་གྲུབ་རྗེས་སྐུ་མགྲོན་རྣམས་སྐུ་ཚབ་དོན་གཅོད་ཀྱི་ཡིག་ཚང་ནང་ཕེབས་ཏེ་ཕན་ཚུན་བཀའ་བསྡུར་ལྷུག་པོ་གནང་ཡོད་པ་རེད།
སྐུ་ཞབས་ལའི་ཆིང་ཏཱེ་ཡིས་༧གོང་ས་མཆོག་ལ་གུས་ཞབས་ཡོད་པ་དང་། བོད་མི་ལ་གདུང་སེམས་མཉམ་སྐྱེ་ཡོད་པ། ཐེ་ནན་གྲོང་ཁྱེར་དུ་བོད་དོན་སྐོར་ལས་འགུལ་སྤེལ་དགོས་རིགས་ཡོད་ཚེ་མཐུན་འགྱུར་གང་འོས་གནང་རྒྱུ་སོགས་གསུངས་འདུག
དོན་གཅོད་ལས་ཁུངས་ཀྱི་སློབ་སྟོན་པ་ལྕམ་གྲན་མིང་རུའུ་དང་། འགན་འཛིན་ལྷན་ཚོགས་ཚོགས་མི་ལྕམ་ཧོང་རུད་རའོ་རྣམ་གཉིས་ཀྱིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། བོད་ཀྱི་ནང་ཆོས་ཀྱིས་ཐེ་ཝན་མི་མང་དང་འགྲོ་བ་མིའི་རིགས་ལ་ཕན་ཡོན་ཆེན་པོ་ཡོད་སྐོར་སོགས་ངོ་སྤྲོད་གནང་ཡོད་པ་རེད།
སྐབས་དེར་ཐེ་པེ་གྲོང་ཁྱེར་གྲོས་ཚོགས་འཐུས་མི་ལྕམ་ཞུའི་ཧྲུའུ་ཧྭ་མཉམ་དུ་ཕེབས་ཡོད་པ་དང་། ཐེངས་དེའི་མཇལ་འཕྲད་དུས་ཡུན་ཆུ་ཚོད་གཅིག་དང་། ཐེ་ཝན་གྱི་བརྙན་འཕྲིན་དང་ཚགས་ཤོག་ཆེ་ཁག་གི་གསར་འགོད་པས་དོ་སྣང་ཆེན་པོས་གསར་འགྱུར་འགོད་སྤེལ་གནང་ཡོད་འདུག
གསར་འགོད་པ་དབྱངས་སྒྲོན།