རྒྱ་ནག་ནང་མིང་དོན་མཚུངས་པའི་མང་གཙོ་ཡོང་རྒྱུའི་ཐུགས་རེ།

བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་ཕྱི་སྡོད་རྒྱ་ནག་མང་གཙོ་ཚོགས་པའི་ཚོགས་ཆེན་ཐོག་གསུང་འཕྲིན་བསྩལ་འདུག

Sydneyལ་ཚོགས་པའི་རྒྱ་ནག་མང་གཙོ་ཚོགས་པའི་ཚོགས་ཆེན་སྐབས། ༢༠༡༥།༣།༣༠ tibet.net

བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་ཕྱི་སྡོད་རྒྱ་ནག་མང་གཙོ་ཚོགས་པའི་ཚོགས་ཆེན་ཐོག་གསུང་འཕྲིན་བསྩལ་འདུག
དེ་ཡང་གནས་ཚུལ་ལྟར་ན། ཕྱིར་སྡོད་རྒྱ་རིགས་མང་གཙོ་ཚོགས་པ་ཁག་ལྔས་གོ་བསྒྲིགས་འོག་རྒྱ་ནག་མང་གཙོ་ཚོགས་པའི་ཚོགས་ཆེན་ཞིག་ཟླ་བ་སྔོན་མའི་༢༨ནས་ཚེས་༣༠བར་གྱི་ཉིན་གྲངས་གསུམ་རིང་ཨོ་སི་ཁྲི་ལེ་ཡའི་གྲོང་ཁྱེར་སེཊ་ནེ་རུ་སྐོང་འཚོགས་བྱས་ཡོད་པ་དང༌། ཐེངས་འདིའི་ཚོགས་འདུར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་ཞིག་བསྩལ་བའི་ནང་། རྒྱ་ནག་ནང་ལོ་ངོ་༢༠ལྷག་རིང་དཔལ་འབྱོར་བསྒྱུར་བཅོས་ཐོག་གྲུབ་འབྲས་ཆེན་པོ་ཐོན་ཡོད་ནའང་། ཆབ་སྲིད་ཀྱི་གནས་སྟངས་ལ་ད་དུང་ཡང་ཡར་རྒྱས་དེ་ཙམ་ཕྱིན་མེད་པ་དང་། འགྲོ་བ་མིའི་རིགས་ཀྱི་བཟང་སྤྱོད་ཡར་རྒྱས་གཏོང་རྒྱུ་དེ་དཔལ་འབྱོར་འཕེལ་རྒྱས་ཙམ་མ་ཡིན་པར་ཆབ་སྲིད་ལམ་ལུགས་ཡང་དག་པ་ཞིག་བསྐྲུན་དགོས་པ་གལ་འགངས་ཆེན་པོ་ཡིན་པ་དང༌། ང་ཚོ་རྒྱ་གར་ནང་ཡོད་པའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་། མང་གཙོའི་ལམ་ལུགས་ཆ་ཚང་བ་ཞིག་བསྐྲུན་ཐུབ་པ་བྱུང་ཡོད། འདས་པའི་དུས་ཡུན་ནང་མང་གཙོའི་འོས་བསྡུ་རིམ་པ་བྱས་པ་བརྒྱུད། བཙན་བྱོལ་བོད་མིས་རང་གིས་འོས་འདེམས་བྱས་པའི་ཆབ་སྲིད་ཀྱི་འགོ་ཁྲིད་བདམས་ཐོན་བྱུང་ཡོད། དེས་མི་རིགས་ཀྱི་ལོ་རྒྱུས་ཇི་འདྲ་ཞིག་མི་འདྲ་བ་ཡོད་རུང་། མི་མང་ལ་དེ་ལྟ་བུའི་རེ་འདོད་ཡོད་པ་ཡིན་ན། མང་གཙོའི་ལམ་ལུགས་བསྐྲུན་ཐུབ་པ་དང་ལོངས་སུ་སྤྱོད་ཐུབ་ཀྱི་ཡོད། མང་གཙོའི་ལམ་ལུགས་ཀྱིས་འགྲོ་བ་མིའི་རིགས་ཐུན་མོང་ལ་ཡོད་པའི་རིན་ཐང་མཚོན་པར་བྱེད་ཐུབ། དེ་འདྲ་ཡིན་ཙང༌། ཁྱེད་ཚོས་ཕྱོགས་གང་ཅིའི་ཐད་འགལ་རྐྱེན་སེལ་ཐབས་གནང་སྟེ། གླིང་ཆེན་ཨེ་ཤེ་ཡ་ལ་སོགས་པ་རྒྱལ་ཁབ་གཞན་ཁག་གི་མང་གཙོའི་ལམ་ལུགས་ལ་མིག་དཔེ་བལྟས་ནས། རྒྱ་ནག་ནང་མིང་དོན་མཚུངས་པའི་མང་གཙོ་ཡོང་རྒྱུའི་སྐུལ་འདེད་གཏོང་རྒྱུར་ཐུགས་རེ་མཛད་བཞིན་ཡོད་ཅེས་བཀའ་སྩལ་ཡོད་པ་དང༌། ཐེངས་འདི་ཚོགས་འདུའི་ཐོག་ཨ་རི་དང་ཡུ་རོབ། ཐེ་ཝན་དང་ཧོང་ཀོང་། ནིའུ་ཛེ་ལེན་ཌི་དང་ཉི་ཧོང་སོགས་འཛམ་གླིང་ཡུལ་གྲུ་ཁག་ནས་རྒྱ་རིགས་ཤེས་ཡོན་ཅན་དང་། མང་གཙོ་དོན་གཉེར་བ། མཁས་དབང་སོགས་མི་གྲངས་༡༠༠ལྷག་མཉམ་ཞུགས་གནང་ཡོད་པ་རེད་འདུག

གསར་འགོད་པ་ངག་དབང་ཆོས་འཕེལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org