སུད་སི་གཞུང་ལ་རྒྱ་ནག་པེ་ཅིང་ཨོ་རྩལ་འགྲན་ཚོགས་ནས་ཕྱིར་འཐེན་གནང་དགོས་པའི་ཞུ་འབོད།

སུད་སི་ནང་གི་བོད་མི་དང་ཡུ་གུར་སོགས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་དྲུག་གིས་སུད་སི་གཞུང་ལ་པེ་ཅིང་ཨོ་རྩལ་འགྲན་ཚོགས་ནས་ཕྱིར་འཐེན་གནང་དགོས་པའི་ཞུ་འབོད་བྱས་འདུག

སུད་སི་གཞུང་ལ་རྒྱ་ནག་པེ་ཅིང་ཨོ་རྩལ་འགྲན་ཚོགས་ནས་ཕྱིར་འཐེན་གནང་དགོས་པའི་ཞུ་འབོད་སྐབས། ༩།༢༢།༢༡ TYAE

སྤྱི་ཟླ་༩་ཚེས་༢༢་ཉིན་སུད་སིའི་གྲོས་ཚོགས་ཚོགས་བཞིན་པའི་སྐབས་དང་བསྟུན། སུད་སི་ནང་ཡོད་པའི་བོད་མི་དང་ཡུ་གུར་བ་སོགས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དྲུག་གིས་སུད་སི་གཞུང་ལ་༢༠༢༢་ལོར་རྒྱ་ནག་ནང་འཚོགས་རྒྱུའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཐོག་སུད་སི་མཉམ་ཞུགས་མ་གནང་རོགས་ཞེས་མི་གྲངས་༧༧༨༨་ཀྱི་མཚན་རྟགས་ཡོད་པའི་ཞུ་སྙན་འབུལ་ནས། སུད་སི་གཞུང་གིས་རང་གི་རྒྱལ་ཁབ་ཀྱི་རིན་ཐང་ལྟ་གྲུབ་གཞིར་བཞག་གིས་འཛམ་གླིང་ནང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུའི་ལས་འགན་ཡོད་པས་ད་རེས་པེ་ཅིང་ཨོ་རྩལ་འགྲན་ཚོགས་ནས་ཕྱིར་འཐེན་གནང་དགོས་པའི་ཞུ་འབོད་བྱས་ཡོད་པ། ལས་འགུལ་ནང་མཉམ་ཞུགས་གནང་མཁན་བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་སུ་འདི་ག་རླུང་འཕྲིན་ཁང་གིས་བཅར་འདྲིའི་སྐབས་གསུངས་བྱུང་།
ད་དུང་ཁོང་གིས་གསུངས་ན། ཞུ་འབོད་ལས་འགུལ་དེའི་ནང་སུད་སི་ནང་ཡོད་པའི་ཡོ་རོབ་བོད་ཀྱི་གཞོན་ནུ་མཐུན་ཚོགས་དང་། སུད་བོད་མཐུན་གྲོགས་ཚོགས་པ། སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་དམངས་སྒྲིག་འཛུགས། སུད་སི་བོད་ཀྱི་བུད་མེད་ཚོགས་པ། རྒྱལ་སྤྱིའི་ཡུ་གུར་མཐུན་ཚོགས། སུད་སི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་(Society for Threatened Peoples)་བཅས་མཉམ་ཞུགས་གནང་ཡོད་པ་དང་། ལས་འགུལ་དེར་སུད་སིའི་གྲོས་ཚོགས་འཐུས་མི་(Fabian Molina)་ལགས་དང་། (Nicolas Walder)་བཅས་ཀྱིས་རྒྱབ་སྐྱོར་གནང་ཡོད་པ་རེད།
ཞུ་འབོད་ལས་འགུལ་དང་མཉམ་གོང་ཞུས་ཚོགས་པ་དྲུག་གི་སྐུ་ཚབ་གཙོས་འབྲེལ་ཡོད་མི་སྣ་བཅུ་གྲངས་ཤིག་སུད་སིའི་གྲོང་ཁྱེར་(Bern)་གྱི་རྒྱལ་ཡོངས་གྲོས་ཚོགས་མདུན་དུ་འཛོམས་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་དང་། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་རྒྱ་ནག་ལ་ཨོ་རྩལ་འགྲན་ཚོགས་གོ་སྒྲིག་བྱེད་རྒྱུའི་འོས་བབ་མེད་པ་སོགས་ཀྱི་གཏམ་བཤད་གནང་འདུག
ཡང་ལས་འགུལ་གོ་སྒྲིག་གནང་མཁན་གྲས་ཡོ་རོབ་བོད་ཀྱི་གཞོན་ནུའི་མཐུན་ཚོགས་ཀྱི་རྒྱུན་ལས་དང་། ཨོ་ལོམ་པིཀསི་དང་འབྲེལ་བའི་ལས་འགུལ་འགན་འཁུར་བ་གནས་ཚང་བསྟན་འཛིན་བསོད་ནམས་ལགས་ཀྱིས། ལས་འགུལ་དེ་བརྒྱུད་སུད་སི་དང་འཛམ་གླིང་ནང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ལ་དོ་ཁུར་ཡོང་བའི་རེ་བ་གནང་གི་ཡོད་པ་དང་། ད་རེས་སུད་སི་གཞུང་གིས་རྒྱ་ནག་པེ་ཅིན་དགུན་དུས་ཨོ་རྩལ་རྩེད་འགྲན་འཚོགས་སྐབས་གཞུང་གི་སྐུ་ཚབ་ཆེད་གཏོང་གནང་བ་ཡིན་ན། དེ་ནི་རྒྱ་ནག་གཞུང་གིས་བོད་མི་དང་། ཡུ་གུར། ལྷོ་སོག་པོ། ཧོང་ཀོང་མི་དམངས་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་དང་གཏོང་བཞིན་པར་རྒྱབ་སྐྱོར་བྱས་པ་ཞིག་མཚོན་གྱི་རེད་ཅེས་གསུངས་ཡོད་པ་རེད།

གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org