བཞུགས་སྒར་གླིང་སྐོར་ནས་རྙེད་པའི་ཅ་དངོས་དེ་འབར་རྫས་མ་རེད།
ཅ་དངོས་དེ་གད་སྙིགས་ཙམ་ལས་འབར་རྫས་རིགས་སོགས་ཉེན་ཚབས་ཅན་གང་ཡང་མིན་པ་གསལ་པོ་བྱུང་བས་ཐུགས་བདེ་པོ་གནང་རོགས་ཟེར།
-
2015-01-14 -
-
-
ཅ་དངོས་དེ་གད་སྙིགས་ཙམ་ལས་འབར་རྫས་རིགས་སོགས་ཉེན་ཚབས་ཅན་གང་ཡང་མིན་པ་གསལ་པོ་བྱུང་བས་ཐུགས་བདེ་པོ་གནང་རོགས་ཟེར།
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་དྲུང་འཕར་ཀརྨ་རིན་ཆེན་ལགས་ཀྱིས་བཞུགས་སྒར་རྡ་རམ་ས་ལའི་གླིང་སྐོར་ལམ་དུ་འབར་རྫས་རྙེད་པ་རེད་ཅེས་དོགས་གཞི་དང་ཞེད་སྣང་དངངས་སྐྲག་ཅན་གྱི་གནས་ཚུལ་ཐོན་ཡོད་པ་དང་། ཅ་དངོས་དེར་བལྟས་པ་ཙམ་གྱིས་དངངས་སྐྲག་དང་དོགས་འདྲོག་ཡོང་རྒྱུ་ཞིག་གསར་འགྱུར་བརྒྱུད་ལམ་ཁག་གིས་སྤེལ་བཞིན་འདུག་པས་གནད་དོན་དེའི་ཐད་བདེ་སྲུང་ལས་ཁུངས་ནས་ཅ་དངོས་དེ་གང་ཡིན་ཞིབ་འཇུག་བྱེད་ཕྱིར་འབྲེལ་ཡོད་རྒྱ་གར་གྱི་ས་གནས་སྐོར་སྲུང་ལས་ཁུངས་སུ་རྩིས་སྤྲོད་བྱས་པ་ལྟར་ས་གནས་སྐོར་སྲུང་ལས་ཁུངས་ནས་ཀྱང་ཛ་དྲག་ཐོག་ཆེད་ལས་པ་སྐད་བཏང་ནས་ཞིབ་འཇུག་མཐིལ་ཕྱིན་པ་གནང་སྐབས་ཅ་དངོས་དེ་ནི་གད་སྙིགས་ཙམ་ལས་རྫས་རིགས་སོགས་ཉེན་ཚབས་ཅན་གང་ཡང་མིན་པ་གསལ་པོ་བྱུང་ཡོད་ཅེས་གསུངས་འདུག
ད་དུང་ཁོང་གིས་སྤྱི་ཚོགས་ཀྱི་དྲ་ལམ་ཁག་གི་ནང་གནས་ཚུལ་ཞིབ་ཕྲ་བརྟག་དཔྱད་མ་བྱས་པར་གང་དྲན་བཀོད་རྒྱུ་དེ་རྩ་བ་ནས་ཡག་པོ་མིན་འདུག གནས་ཚུལ་ཆ་ཚང་རྟོགས་པའི་རྗེས་སུ་མང་ཚོགས་ལ་བརྒྱུད་བསྒྲགས་གནང་བ་ཡིན་ན་འོས་པ་ཞིག་རེད། དེ་མིན་གང་བྱུང་བརྒྱུད་བསྒྲགས་གནང་བ་ཡིན་ན་སྤྱི་ཚོགས་ནང་དོགས་འདྲོག་ཡོང་རྒྱུ་དང་། དེ་ཡང་འབར་རྫས་རིགས་དང་ལྷག་པར་དུ་བཞུགས་སྒར་གླིང་སྐོར་གྱི་ཉེ་འཁོར་དུ་རྙེད་པ་རེད་ཅེས་ཧ་ལམ་ཆ་ཚང་ཧ་གོ་གི་ཡོད་པ་ལྟ་བུ་བྱས་ནས་སོ་སོའི་ངོས་ནས་ཞིག་འཇུག་མཐིལ་ཕྱིན་བྱས་པ་ལྟ་བུ་གནང་ན་རྩ་བ་ནས་ཡག་པོ་མིན་འདུག དེས་ང་ཚོའི་སྤྱི་ཚོགས་ཀྱི་ལྷིང་འཇགས་ལ་གནོད་ཀྱི་ཡོད་པ་མ་ཟད། དོ་བདག་རང་ཉིད་ལ་ཁྲིམས་ཐོག་ནས་དཀའ་ངལ་འཕྲད་སྲིད་པ་ཞིག་རེད། གནས་ཚུལ་འདི་རིགས་ཧ་ཅང་ཉེན་ཚབས་ཆེན་པོ་ཡིན་པར་བརྟེན་མ་འོངས་པར་ཚང་མས་ཐུགས་གཟབ་གནང་རོགས་ཞུ་རྒྱུ་དང་ལྷག་དོན་དུ་མི་མང་ཡོངས་ལ་ཞུ་རྒྱུར་ཅ་དངོས་དེ་ནི་གད་སྙིགས་ཙམ་ལས་གཞན་གང་ཡང་རེད་མིན་འདུག་པས་མི་མང་ཚང་མ་ཐུགས་བདེ་པོ་གནང་རོགས་ཅེས་གསུངས་ཡོད་འདུག
གསར་འགོད་པ་བསོད་ནམས་ལྷ་མོ།