རྒྱ་ནག་གིས་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱས་ན་ཁྲིམས་འགལ་ཉེས་ཅན་ཡིན་ཟེར།

རྒྱ་ནག་གཞུང་གིས་བོད་ནང་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱས་ན་ཁྲིམས་འགལ་ཉེས་ཅན་ལ་བརྩི་བའི་ཐད་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་སྐྱོན་བརྗོད་བྱས་འདུག

འགྲོ་བ་མིའི་ཐོབ་ཐང་ཚོགས་ལྟ་རྟོག་ཚོགས་པའི་སྙན་ཐོའི་་མདུན་ཤོག ༢༠༡༨།༧།༢༩ HRW

རྒྱ་ནག་གཞུང་གིས་བོད་ནང་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱས་ན་ཁྲིམས་འགལ་ཉེས་ཅན་ལ་བརྩི་བའི་ཐད་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་སྐྱོན་བརྗོད་བྱས་འདུག
དེ་ཡང་ཨ་མི་རི་ཀའི་གྲོང་ཁྱེར་ནེའུ་ཡོག་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པས་གཟའ་ཟླ་བའི་ཉིན་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་། འདི་ལོའི་ཕྱི་ཟླ་གཉིས་པའི་ནང་བོད་རང་སྐྱོང་ལྗོངས་ཅེས་འབོད་པའི་བདེ་སྲུང་ལས་ཁུངས་ཀྱིས་གོ་སྒྲིག་ལྡན་པའི་ནག་ཉེས་ཀྱི་འགྲེལ་བརྗོད་ལ་བསྐྱར་ཞིབ་བྱས་པའི་ཐོ་གཞུང་ཞིག་བཏོན་པ་དེའི་ནང་མི་མང་ནང་ལོག་སྤྱོད་པའི་བསམ་བློ་དབུ་མའི་ལམ་ལྟབུ་ཁྱབ་སྤེལ་བྱེད་ནས་རྒྱབ་སྐྱོར་འཚོལ་ཐབས་བྱས་པ་ཁག་ཁྲིམས་འགལ་གྱི་བྱ་སྤྱོད་ཡིན་ལུགས་གསལ་འདུག་ཡང་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པས་རྒྱ་ནག་གཞུང་གིས་དམ་བསྒྲགས་བཀག་སྡོམ་གསར་པ་དེ་རིགས་ནི་བོད་མིའི་ཁྲོད་རྒྱ་ནག་དམར་ཤོག་པའི་དབང་ཤུགས་རྒྱ་བསྐྱེད་དང་སྲོལ་རྒྱུན་གྱི་བོད་མིའི་དབུ་ཁྲིད་དང་བླ་མའི་སྐུ་དབང་རྩ་མེད་བཟོ་ཐབས་ཀྱི་དམིགས་ཡུལ་བཅངས་བ་ཡིན་སྐོར་བརྗོད་འདུག
ཡང་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པ་ལྟར་ན། ཕྱི་ལོ་༢༠༠༨་ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོ་བྱུང་བ་ནས་བཟུང་རྒྱ་གཞུང་གིས་བོད་མིའི་ཐོག་དྲག་གནོན་བྱེད་ཤུགས་ཆེ་རུ་བཏང་བ་མ་ཟད། ཁ་བྲལ་གྱི་ལས་འགུལ་སྔོན་འགོག་དང་ཏཱ་ལའི་བླ་མར་རྒྱབ་སྐྱོར་བཀག་འགོག་ཆེད་དགོས་ངེས་ཅན་གྱི་ཐབས་ལམ་འཚོལ་རྒྱུ་ཡིན་ལུགས་བཤད་ཡོད་པ་རེད། ད་དུང་བོད་རང་སྐྱོང་ལྗོངས་ཅེས་འབོད་པའི་བདེ་སྲུང་ལས་ཁུངས་ཀྱི་གསལ་བསྒྲགས་གསར་པ་དེའི་ནང་། གལ་ཏེ་མི་སེར་སུ་ཞིག་གིས་གོ་སྒྲིག་ལྡན་པའི་ནག་ཉེས་ཡོད་པའི་ཚོགས་པའི་བྱ་སྤྱོད་སྐོར་སྙན་སེང་བྱས་ཚེ་སྙན་སེང་ཞུ་མཁན་གྱི་མིང་སོགས་གསང་བ་ཉར་རྒྱུའི་ཁས་ལེན་བྱས་པ་དང་། ནག་ཆུ་གྲོང་ཁྱེར་དུ་སྤེལ་བའི་གསལ་བསྒྲགས་གཞན་ཞིག་ནང་གལ་ཏེ་མི་སུ་ཞིག་གིས་ཐོ་གཞུང་ནང་ཡོད་པའི་བྱ་སྤྱོད་ཁག་གསང་བའི་ངང་གནས་ཚུལ་མཁོ་སྤྲོད་བྱས་ཚེ་རྒྱ་སྒོར་འབུམ་གཅིག་བྱ་དགའ་སྤྲོད་རྒྱུ་ཡིན་ལུགས་བཀོད་ཡོད་པ་དང་། ཐོ་གཞུང་ནང་འཁོད་པའི་བྱ་སྤྱོད་ཁག་ཅིག་ནི་རྒྱ་ནག་གིས་བོད་ཐོག་དབང་བསྒྱུར་ལ་ཁ་གཏད་གཅོག་པ་དང་ཏཱ་ལའི་རུ་ཚོགས་ཀྱི་ཆེད་དུ་དངུལ་བསྡུ་རུབ་བྱེད་པ་བོད་སྐད་བེད་སྤྱོད་མང་དུ་གཏོང་དགོས་པའི་དགོས་འདུན་སོགས་ཀྱང་འཁོད་ཡོད་པ་མ་ཟད། བོད་མིའི་སྐྱིད་སྡུག་ཚོགས་པ་ཁག་ཀྱང་ཁྲིམས་འགལ་བཟོས་འདུག
ད་དུང་བོད་རང་སྐྱོང་ལྗོངས་ཁུལ་དུ་སྤེལ་བའི་གསལ་བསྒྲགས་དེའི་ནང་། ས་གནས་སུ་དང་བླངས་སྒོ་ནས་ཁོར་ཡུག་སྲུང་སྐྱོབ་དང་བོད་མིའི་བར་གྱི་རྩོད་རྙོག་འདུམ་སྒྲིག་སོགས་ཀྱི་བྱ་སྤྱོད་རིགས་ཁག་ཁྲིམས་འགལ་ཡིན་པས་དེ་རིགས་ཀྱང་སྙན་སེང་བྱེད་དགོས་པའི་སྐུལ་མ་བྱས་ཡོད་འདུག།

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org