ཇར་མ་ནིའི་རྩེད་འགྲན་པ་ཚོས་ཧུ་ཇིན་ཐའོ་ལ་སྙན་ཞུ་འབུལ་འཆར།

ཇར་མ་ནིའི་རྩེད་འགྲན་པ་གྲགས་ཅན་ཁག་ནས་རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་དེ་ཞི་བའི་སྒོ་ནས་སེལ་དགོས་སྐོར་སྙན་ཞུ་ཞིག་ཧུ་ཇིན་ཐའོ་ལ་འབུལ་འཆར་འདུག

༄༅༎ཇར་མ་ནིའི་རྩེད་འགྲན་པ་གྲགས་ཅན་ཁག་ནས་རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་དེ་ཞི་བའི་སྒོ་ནས་སེལ་དགོས་སྐོར་མཚན་རྟགས་སྐྱོན་པའི་སྙན་ཞུ་ཞིག་རྒྱ་ནག་གི་སྲིད་འཛིན་ཧུ་ཇིན་ཐའོ་ལ་འབུལ་འཆར་འདུག

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཇར་མ་ནིའི་ནང་ཞི་བདེའི་ཆེད་རྩེད་འགྲན་ཞེས་པའི་ལས་འགུལ་ཞིག་དབུ་འཛུགས་གནང་སྟེ་ རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་དེ་ཞི་བའི་ཐོག་ནས་སེལ་དགོས་པ་དང་བོད་ནང་གི་བོད་མི་ཐེ་བའི་རྒྱ་ནག་མི་མང་གི་སྨྲ་བརྗོད་རང་དབང་དང་ཆོས་དད་རང་དབང་བསམ་ཚུལ་འདོན་ཆོག་པའི་རང་དབང་སྲུང་སྐྱོབ་དགོས་པའི་སྙན་ཞུ་ཞིག་ལ་རྩེད་འགྲན་གྲགས་ཅན་པ་རྣམས་ཀྱིས་མཚན་རྟགས་བསྡུ་རུབ་གནང་བཞིན་པ་ཡོད་པ་རེད་ སྙན་ཞུ་དེར་ད་བར་ཀོ་བ་གཏོང་རྒྱུའི་རྩེད་འགྲན་པ་གྲགས་ཅན་ སྦིཡོན་སྦག དང་ ཇུ་ཌོ་མཁས་པ་ཨི་ཝོན་སྦོ་ནིཤི་ལ་སོགས་པའི་རྩེད་འགྲན་པ་གྲགས་ཅན་༡༧ལྷག་གིས་མཚན་རྟགས་སྐྱོན་ཟིན་པ་དང་སྙན་ཞུ་དེའི་ནང་གཙོ་བོ་འདི་ལོ་དབྱར་ཁའི་ཨོ་ལིམ་ཕིག་རྩེད་འགྲན་དེ་རྒྱ་ནག་ནང་ཚོགས་རྒྱུ་ལམ་ལྷོང་ཆེན་པོ་ཡོང་བ་དང་སྐབས་དེར་ཨོ་ལིམ་ཕིག་གི་རྩ་དོན་ཁག་ཀྱང་ཕྱིར་གསལ་ཐོན་པའི་ཐུགས་རེ་གནང་གི་ཡོད་སྟབས་ སྲིད་འཛིན་ཧུ་ཇིན་ཐའོས་

༡)བོད་ཀྱི་གནད་དོན་ཞི་བའི་སྒོ་ནས་སེལ་ཐབས་གནང་དགོས་པ་དང་རྒྱ་ནག་ནང་གི་རྩོད་རྙོག་གཞན་ཁག་ཀྱང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་སྒོ་ནས་སེལ་དགོས་པ་

༢)བོད་མི་ཐེ་བའི་རྒྱ་ནག་མང་ཚོགས་ཀྱི་སྨྲ་བརྗོད་རང་དབང་དང་ཆོས་དད་རང་དབང་སྲུང་སྐྱོབ་ཀྱི་འགན་ལེན་དགོས་པ་

༣)འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་མི་རྣམས་བཙོན་འཇུག་དང་འཇིགས་སྣང་སྐུལ་མི་དགོས་པའི་འགན་ལེན་དགོས་པ་

༤)སྲོག་ཐོག་ཉེས་ཆད་གཏང་རྒྱུ་མཚམས་འཇོག་དགོས་པ་བཅས་དགོས་འདུན་དོན་ཚད་བཞི་ཡང་བཏོན་ཡོད་པའི་གནས་ཚུལ་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org