ཨ་རིའི་གཞུང་གིས་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་གསར་པ་བསྐོ་གཞག་གནང་འདུག
ད་ལྟ་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་སྤྱི་དམངས་བདེ་འཇགས་དང་དམངས་གཙོ། འགྲོ་བ་མིའི་ཐོབ་ཐང་ཚན་པའི་དྲུང་གཞོན་ཡིན་པ་ལྕམ་ཨུཛ་ར་ཛེ་ཡ་ལགས་ཨ་རིའི་གཞུང་གི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པར་བསྐོ་གཞག
- 2021-12-20
-
-
-
Your browser doesn’t support HTML5 audio
དེ་རིང་ཕྱི་ཚེས་༢༠ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་Antony J.Blinken མཆོག་གིས་མཚན་ཐོག་ནས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲྭ་རྒྱ་ཐོག་ཡོངས་ཁྱབ་ཕྱི་བསྒྲགས་ཞིག་སྤེལ་བ་ལྟར་ན། ད་ལྟ་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་སྤྱི་དམངས་བདེ་འཇགས་དང་དམངས་གཙོ། འགྲོ་བ་མིའི་ཐོབ་ཐང་ཚན་པའི་དྲུང་གཞོན་ཡིན་པ UZra Zeya ལགས་ཨ་རིའི་གཞུང་གི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པར་གསར་པ་བསྐོ་གཞག་གནང་རྒྱུ་གསལ་བསྒྲགས་སྤེལ་བ་དང་། ཁོང་མོས་ཕྲལ་དུ་ལས་དོན་དེ་ཐུགས་འགན་བཞེས་རྒྱུ་ཡིན་པ་རེད་འདུག
གནས་ཚུལ་ནང་ལྟར་ན། ལྕམUZra Zeya ལགས་ཁོ་མོས་ད་ལྟའི་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་སྤྱི་དམངས་བདེ་འཇགས་དང་དམངས་གཙོ། འགྲོ་བ་མིའི་ཐོབ་ཐང་ཚན་པའི་དྲུང་གཞོན་གྱི་ལས་གནས་དེ་དང་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པའི་ཐུགས་འགན་གཅིག་ལྕོག་གནང་རྒྱུ་ཡིན་པ་རེད་འདུག
ཕྱི་སྲིད་ལས་ཁུངས་ཀྱི་གསལ་བསྒྲགས་ནང་མུ་མཐུད་བཀོད་དོན་དུ། བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་ Zeya ལགས་ཀྱིས་ཨ་རིའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་ཀྱི་ཁྲིམས་ཡིག་གཞི་བཞག་ཐོག་བོད་དོན་ཐོག་ཤུགས་གནོན་བརྒྱབ་དགོས་པ་དང་། ལྷག་པར་དུ་རྒྱ་ནག་གཞུང་དང་༸གོང་ས་ཏྰ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་ཡང་ན་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་བོད་མའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་དབར་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་བོད་དོན་སྐོར་དོན་ཕན་ལྡན་པའི་གྲོས་མོལ་ཡོང་ཐབས་གནང་རྒྱུར་འབད་བརྩོན་བྱེད་རྒྱུ་རེད་ཅེས་བརྗོད་འདུག
ཨ་རིའི་སྲིད་འཛིན་གོང་མ་ཊམཔ་གཞུང་འཛིན་གྱིས་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ རོ་སྦརཊི་ཌེསཊྲོ་བསྐོ་གཞག་གནང་པ་ཁོང་གནས་རིམ་ Assistant Secretary ཞེས་ཕྱི་སྲིད་ལས་ཁུངས་ཀྱི་གནས་རིམ་བཞི་པ་ཡིན་པའི་ཆ་ནས་ད་རེས་སྦཡེཌན་སྲིད་གཞུང་གིས་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་ཆེའི་གནས་རིམ་གསུམ་པ་བསྐོ་གཞག་གནང་པ་འདི་གནད་འགག་ཅིག་ཏུ་ངོས་འཛིན་ཞུ་ཡི་ཡོད་ཅིང་། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་མཆོག་གྲུབ་ལགས་ཀྱིས་གསུངས་ན། ཊམཔ་སྲིད་གཞུང་གི་སྐབས་སུ་བསྐོ་གཞག་བྱས་པའི་བོད་དོན་དམིགས་བསལ་སྐུ་ཚབ་ཀྱི་གོ་གནས་དང་བསྡུར་ན་བོད་རྒྱ་འབྲེལ་མོལ་ཐོག་ལ་རེ་བ་བྱ་སའི་ཆ་རྐྱེན་མང་བ་ཡོད་པ་འགྲེལ་བརྗོད་གནང་བ་དང་སྦྲགས། ཁོང་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ལྕམ་ཛེ་ཡ་ལགས་དང་ལྷན་ཉིན་གཉིས་ཀྱི་རྗེས་སུ་མཇལ་འཕྲད་གནང་རྒྱུའི་འཆར་གཞི་ཡོད་པ་ངོ་སྤྲོད་གནང་གི་འདུག
གསར་དུ་བསྐོ་གཞག་གནང་པའི་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨུཛ་ར་ཛེ་ཡ་(UZra Zeya)ལགས་ནི། ༢༠༠༢ལོ་ནས་བཟུང་ཨ་མི་རི་ཀའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་བསྐོས་ཐེངས་བདུན་པ་དེ་ཡིན་ཅིང་། དེ་ཡང་ཟླ་འདིའི་ཕྱི་ཚེས་༡༤ཉིན་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་(Patrick Leahy)ལགས་དང་། འཐུས་མི་(Marco Rubio)ལགས་རྣམ་གཉིས་ཀྱིས་སྣེ་ཁྲིད་པའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་༦༥ཡིས་ཨ་རིའི་སྲིད་འཛིན་འཇཱོ་སྦཡེ་ཌེན་(Joe Biden)གྱི་གཞུང་ལ་བོད་དོན་འབོད་སྐུལ་གྱི་ཞུ་ཡིག་ཕུལ་བའི་ནང་། བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པ་དང་། དམིགས་བསལ་འབྲེལ་མཐུད་པའི་ངོས་ནས་༧གོང་ས་མཆོག་དང་སྲིད་འཛིན་སྦཡེ་ཌེན་རྣམ་གཉིས་མཇལ་འཕྲད་ཡོང་ཐབས་སོགས་ཀྱིས་མཚོན་པའི་བོད་དོན་དང་འབྲེལ་བའི་གནད་དོན་ཁག་༡༡ཙམ་གྱི་ཐོག་འབད་བརྩོན་གནང་དགོས་པའི་འབོད་སྐུལ་གནང་བའི་ཉིན་གྲངས་དྲུག་ཙམ་རྗེས་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་བྱེད་པའི་གསལ་བསྒྲགས་དེ་གནང་བ་ཞིག་རེད། ལྕམ་ཨུཛ་ར་ཛེ་ཡ་ལགས་ནི་ཨ་རིའི་ཕྱི་འབྲེལ་ལས་རིགས་འདྲ་མིན་ཐོག་ལོ་ངོ་ ༢༧ རིང་ཕྱག་ལས་གནང་པའི་ཉམས་མྱོང་ཡོད་པ་དང་། འགྲོ་བ་མིའི་ཐོབ་ཐང་གི་སྡེ་ཚན་ནང་ཕྱག་ལས་རིམ་པ་གནང་ཞིང་། བོད་ཀྱི་གནད་དོན་ཐོག་ལ་རྒྱུས་མངའ་ཡོད་པ་མ་ཟད། རྒྱ་ནག་ལ་ཕེབས་ཐེངས་གཅིག་གི་སྐབས་བོད་དོན་གླེང་མྱོང་མཁན་ཞིག་ཀྱང་ཡིན་འདུག།
གསར་འགོད་པ། གུ་རུ་ཆོས་སྐྱིད་དང་བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།