བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་པ་དབྱིན་ཡུལ་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་ས་གནས་བོད་མི་རྣམས་དང་ཐུག་འཕྲད་གནང་འདུག

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས་སྣེ་ཁྲིད་པའི་སྤྱི་འཐུས་སྐུ་ཚབ་ཚོགས་པ་ཞིག་དབྱིན་ཡུལ་ནང་གི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དུ་འཚམས་འདྲིའི་གཟིབས་ཞིབ་གནང་པ་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་ས་གནས་བོད་མི་རྣམས་དང་ཐུག་འཕྲད་གནང་འདུག

CTA

དེ་ཡང་སྐུ་ཚབ་རྣམ་པའི་ཉིན་བཞིའི་དབྱིན་ཇིའི་རྒྱལ་ས་ལོན་ཀྲོན་དུ་ཤེས་ཡོན་ལས་འཆར་གྱི་ལས་རིམ་ཁག་གྲུབ་རྗེས། ཕྱི་ཚེས་ ༢༢ ཉིན་ཚོགས་གཙོ་མཆོག་གིས་སྣེ་ཁྲིད་པའི་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་ཕེབས་སྐབས་དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཚེ་རིང་དབྱངས་སྐྱིད་ལགས་དང་ལས་བྱེད་པ་རྣམས་ཀྱིས་སུ་ཕེབས་བསུ་ཞུས་ཡོད་པ་རེད་།

དེ་རྗེས་སྐུ་ཚབ་རྣམས་པས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་དང་མཉམ་དུ་བོད་དོན་ཐོག་བགྲོ་གླེང་གནང་ཞིང་། སྐབས་དེར་སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཚབ་ཚོགས་ཆུང་གི་ཉིན་བཞིའི་ལས་རིམ་གལ་ཆེན་ཁག་སྟེ། དབྱིན་ཡུལ་གྱི་གྲོས་ཚོགས་ནང་གི་གནད་ཡོད་མི་སྣ་དང་མཁས་དབང་རྣམས་དང་མཇལ་འཕྲད་གནང་བ་སོགས་ཀྱི་གྲུབ་འབྲས་གལ་ཆེན་ཁག་ཚོགས་ཞུགས་པ་རྣམས་ལ་སྙིང་བསྡུས་ཤིག་ངོ་སྤྲོད་གནང་ཡོད་པ་རེད།

བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཚོས་། བཙན་བྱོལ་བོད་མིའི་གྲོས་ཚོགས་ཀྱི་འཐུས་མི་དང་དབྱིན་ཡུལ་གྲོས་ཚོགས་ཀྱི་འཐུས་མི་ཕན་ཚུན་བར་འབྲེལ་བ་གཏིང་ཟབ་ཏུ་གཏོང་རྒྱུར་རྒྱབ་སྐྱོར་དང་། བོད་དོན་ལས་འགུལ་ལ་ཤུགས་སྣོན་རྒྱག་དགོས་པའི་སྐུལ་མ་གནང་བ་དང་ཆབས་ཅིག་རྒྱ་ནག་གཞུང་གིས་བོད་དེ་རྒྱ་ནག་གི་དབང་བསྒྱུར་འོག་འཕེལ་རྒྱས་འགྲོ་བཞིན་ཡོད་པའི་རྣམ་པ་སྟོན་པ་སོགས་གནས་ཚུལ་རྫུན་མ་ཁྱབ་སྤེལ་བྱེད་བཞིན་པའི་བྱ་སྤྱོད་ལ་གདོང་ལེན་བྱེད་ཕྱོགས་སྐོར་ལའང་བགྲོ་གླེང་གནང་ཡོད་པ་རེད།།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་གཞུང་གི་འཁྱོགས་བཤད་ཀྱི་དྲིལ་བསྒྲགས་ལ་ངོ་རྒོལ་གྱི་ལངས་ཕྱོགས་གསལ་སྟོན་གནང་བ་དང་ཆབས་ཅིག་རྒྱལ་སྤྱིའི་སྤྱི་ཚོགས་ལ་བོད་ཀྱི་གནས་སྟངས་དངོས་ཇི་ཡིན་གསལ་སྟོན་ཡོང་ཐབས་དགོས་པའི་སྐོར་ནན་བརྗོད་གནང་ཡོད་པ་རེད།  ཉིན་དེའི་ཕྱི་དྲོ་སྐུ་ཚབ་རྣམས་འཇམ་དབྱངས་ནང་པའི་ཆོས་ཚོགས་ཀྱི་གདན་ཞུ་ཕུལ་བ་ལྟར་སྐུ་ཚབ་རྣམས་ཆོས་ཚོགས་སུ་འཚམས་གཟིགས་སུ་ཕེབས་འདུག

གསར་འགོད་པ། གཡུ་སྒྲོན

རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།

དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།

དྲྭ་ཐོག་སྤེལ་མཁན། ནོར་སྒྲོན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org