བོད་ནང་རྟོལ་ཕྲུག་ཚེ་ཐར་གྱི་བྱ་འགུལ་གཞི་རྒྱ་ཆེ་རུ་འགྲོ་བཞིན་པ།
བོད་ནང་རྟོལ་ཕྲུག་ཚེ་ཐར་གྱི་ལས་འགུལ་སྤེལ་ནས་ད་བར་རྟོལ་ཕྲུག་གྲངས་ཁྲི་གཉིས་དང་བརྒྱད་སྟོང་ཙམ་སྲོག་བླུ་ཚེ་ཐར་བཏང་འདུག།
-
2016-05-13 -
-
-
བོད་ནང་རྟོལ་ཕྲུག་ཚེ་ཐར་གྱི་ལས་འགུལ་སྤེལ་ནས་ད་བར་རྟོལ་ཕྲུག་གྲངས་ཁྲི་གཉིས་དང་བརྒྱད་སྟོང་ཙམ་སྲོག་བླུ་ཚེ་ཐར་བཏང་འདུག།
དེ་ཡང་བོད་ནས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། ཉེ་བའི་སྤྱི་ཟླ་བཞི་བ་དང་ལྔ་བའི་ནང་གཞན་ཕན་ཀུན་སྣང་ཚོགས་པས་ད་ལོའི་ཚེ་སྲོག་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་སྐབས་རྟོལ་ཕྲུག་གྲངས་༢༨༤༠་ཙམ་སྲོག་བླུ་ཚེ་ཐར་བཏང་ཡོད་པ་རེད་འདུག།
འབྲེལ་ཡོད་མི་སྣས་བརྗོད་དོན། མདོ་ལྷོ་ཕྱོགས་ཀྱི་ཀླུ་ཆུ་དང་། ཅོ་ནེ། འབོ་ར་ཨ་མཆོག སྒྱིས་ཚང་དམེ་ཤུལ། རྒྱ་མོ་དགོན། ཟི་ཁྲོན་རྔ་བ། མཚོ་སྔོན་སོགས་སུ་སྤེལ་སྐབས་ས་གནས་བོད་མི་ཚོས་དོ་སྣང་ཆེན་པོས་ལས་འགུལ་ལ་སྔར་ལས་ལྷག་པའི་རྒྱབ་སྐྱོར་བྱུང་བ་དང་། ཚོགས་པའི་ངོས་ནས་ད་བར་གྱི་ལོ་ངོ་ཁ་ཤས་རིང་བོད་ཁུལ་སྤྱི་ཡོངས་སུ་རྟོལ་ཕྲུག་༢༨༠༠༠ལྷག་སྲོག་བླུ་ཚེ་ཐར་བཏང་ཡོད། ད་ཆ་ཚོགས་པའི་སྲོག་བླུ་ཚེ་ཐར་གྱི་བྱ་འགུལ་ལ་བོད་མིའི་སྤྱི་ཚོགས་ཁྲོད་དོ་སྣང་ཇེ་ཆེར་བྱུང་བས། ཚོགས་པ་ཡང་བོད་ཁུལ་གྱི་ཞིང་ཆེན་གསུམ་ལ་ཁྱབ་ཞིང་། མདོ་ཁམས་ཀྱི་དགོན་སྡེ་ཆེ་ཆུང་༢༠་ལྷག་གི་བླ་གྲ་དང་མང་ཚོགས་ལས་གྲུབ་པའི་ཚོགས་པ་ཞིག་ཏུ་གྱུར་ཡོད་པ་དང་། ད་སྐབས་ཚོགས་མི་༡༢༠་ལྷག་ཡོད་པ་བརྗོད་བྱུང་།
དེའི་ཐད་གཞན་ཕན་ཀུན་སྣང་ཚོགས་པའི་འབྲེལ་ཡོད་མི་སྣ་ལ་བཀའ་འདྲི་ཞུས་སྐབས་རྟོལ་ཕྲུག་ཚེ་ཐར་གྱི་ལས་འགུལ་འདི་ནི། མདོ་ལྷོ་བསང་ཆུ་ཨ་མཆོག་ཕྱོགས་ནས་ཡིན་པའི་ཨ་ཉི་སྐལ་བཀྲ་ལགས་གཙོས་བོད་མི་ཁ་ཤས་ཀྱིས་འགོ་བཙུགས་པ་དང་། དེ་ཡང་བོད་ཀྱི་ཡུལ་ཤུལ་ས་འགུལ་གྱི་དོན་རྐྱེན་ཁྲོད་སྤུན་ཟླ་སྟོང་ཕྲག་མང་པོའི་ཚེ་སྲོག་ཤོར་རྗེས་སུ་སྲོག་སྐྱོབ་ཚེ་ཐར་གྱི་ལས་འགུལ་འགོ་བརྩམས་ནས་ད་ཆ་གཞི་རྒྱ་ཆེ་རུ་ཕྱིན་པ་རེད་ཅེས་དང་། ད་ཆ་གཞན་ཕན་ཀུན་སྣང་ཚོགས་པས་ཞེས་ཚོགས་པ་ཚུགས་ནས་མི་ལོ་༧་ཕྱིན་པ་དང་། སྔ་ཕྱིར་བསྡོམས་པས་རྟོལ་ཕྲུག་༢༨༠༠༠་ཙམ་ཚེ་ཐར་ལ་བཏང་ཟིན་ཡོད་པ་རེད།
སྤྱིར་བོད་ནང་དུ་ཉེ་བའི་ནང་། མཛོ་མོའི་འོ་མའི་ཆེད་དང་། རྟོལ་ཕྲུག་གཉེར་ཚགས་དཀའ་བའི་ཆེད། རྟོལ་ཕྲུག་སྐྱེས་པ་དང་གསོད་པའམ། ཡང་ན་སྐྱེས་པའི་རྗེས་བསད་ནས་ཟ་བ་དང་། གཞན་ལ་བཙོང་བ་སོགས་ཀྱི་གནས་སྟངས་ལོ་རེར་ཕྱུགས་རིགས་གཞན་ལས་མང་བ་དང་ཁྱབ་ཆེ་བ་ཡོད་པ་རེད།
རྟོལ་གོག་གམ་རྟོལ་ཕྲུག་ནི་མཛོ་མོ་དང་གཡག་འདུས་པ་ལས་སྐྱེས་པའི་ཕྱུགས་རིགས་ཡིན་པ་རེད།།
གསར་འགོད་པ་ཀླུ་འབུམ།