ཀརྨ་པ་མཆོག་རུམ་བཏེག་དགོན་པར་གདན་འདྲེན་ཞུ་རྒྱུའི་འབད་བརྩོན།
ཀརྨ་པ་མཆོག་རྒྱ་གར་འབྲས་ལྗོངས་ལ་ཕེབས་རྒྱུར་སྐུ་ངལ་བཟོས་ན་འགྲིགས་ཀྱི་མེད་ལུགས་ བསོད་ནམས་བླ་མ་ལཊ་ཀྱིས་གསུངས་འདུག
-
2014-05-27 -
-
-
ཀརྨ་པ་མཆོག་རྒྱ་གར་འབྲས་ལྗོངས་ལ་ཕེབས་རྒྱུར་སྐུ་ངལ་བཟོས་ན་འགྲིགས་ཀྱི་མེད་ལུགས་ བསོད་ནམས་བླ་མ་ལཊ་ཀྱིས་གསུངས་འདུག
དེ་ཡང་ཉིན་ཤས་གོང་རྒྱ་གར་རྒྱལ་ཡོངས་ཀྱི་འོས་བསྡུའི་སྐབས་དང་བསྟུན་ནས་འབྲས་ལྗོངས་མངའ་སྡེའི་གྲོས་ཚོགས་འཐུས་མིའི་འོས་བསྡུ་བྱས་ཡོད་པ་དང་། སྐབས་དེར་གྲོས་ཚོགས་ནང་། དགེ་འདུན་པའི་ས་དམིགས་ཡོད་པ་ལྟར་འོས་མིར་བཞེངས་མཁན་ཁོངས་སུ། Sikkim Krantikari Morcha ཞེས་པའི་ཚོགས་པའི་འོས་མི་བསོད་ནམས་བླ་མ་ལགས་གྲོས་ཚོགས་ཀྱི་འཐུས་མིར་འོས་འདེམས་བྱུང་ཡོད་པ་རེད། ཁོང་གིས་PTI གསར་འགྱུར་བརྒྱུད་ལམ་གྱི་བཀའ་འདྲིའི་སྐབས། ད་ལྟའི་སི་ཀིམ་མང་གཙོ་ཚོགས་པའི་སྣེ་འཁྲིད་པའི་མངའ་སྡེའི་གཞུང་ནས་ནང་པའི་ཆོས་ཉམས་ལེན་བྱེད་མཁན་དང་དགེ་འདུན་པའི་སྡེར་སྲུང་སྐྱོབ་ཡག་པོ་ཞིག་བྱེད་ཀྱི་མེད་སྟབས་ནང་ཆོས་སྲུང་སྐྱོབ་ཆེད་འཐབ་རྩོད་བྱེད་ཀྱི་ཡིན་ཅེས་དང་། ད་དུང་འབྲས་ལྗོངས་ནང་གནད་དོན་གལ་ཆེན་པོར་ངོས་འཛིན་བྱེད་བཞིན་པའི་རྒྱལ་བ་ཀརྨ་པ་མཆོག་མ་དགོན་རུམ་བཏེག་དགོན་པར་གདན་འདྲེན་ཞུ་ཐབས་སུ་དབུས་གཞུང་གི་ནང་སྲིད་ལས་ཁུངས་སུ་བཅར་ནས་སྙན་སེང་ཞུའི་འཆར་གཞི་ཡོད། མ་གཞི་ནས་ཁོང་ཉེ་འཁྲིས་རྡོ་རྗེ་གླིང་དང་ཀ་སྦུག་ཏུ་ཕེབས་རྒྱུར་འགོག་རྐྱེན་མེད་པར་ཕེབས་ཐུབ་པར་འབྲས་ལྗོངས་ལ་ཕེབས་རྒྱུར་སྐུ་ངལ་བཟོས་ན་འགྲིགས་ཀྱི་མེད་ལུགས་གསུངས་འདུག གང་ལྟར་ཁོང་མངའ་སྡེའི་གྲོས་ཚོགས་འཐུས་མིར་འདེམས་ཐོན་བྱུང་ཡོད་སྟབས་ཐུགས་འགན་གཙོ་བོ་མངའ་སྡེའི་ནང་། ནང་ཆོས་སྲུང་སྐྱོབ་དང་གོང་འཕེལ་གཏོང་ཐབས་སུ་ཕྱག་ལས་གནང་རྒྱུ་དང་། ལྷག་པར་དུ་འབྲས་ལྗོངས་ནང་གི་དད་ལྡན་པ་ཚོས་ལོ་མང་ནས་སྐོམ་པ་ཆུ་འདོད་ལྟར་ངང་འགུགས་ཞུ་བཞིན་པའི་རྒྱལ་བ་ཀརྨ་པ་མཆོག་མ་དགོན་རུམ་འདེགས་དགོན་པར་གདན་འདྲེན་ཞུས་ནས་ཁྲི་འདོན་གནང་ཐུབ་རྒྱུའི་འབད་བརྩོན་གནང་རྒྱུ་ཡིན་པ་གསུངས་འདུག
ཆོས་འཁོར་གླིང་ངམ་རུམ་བཏེག་དགོན་ནི་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པས་ཕྱི་ལོ་ ༡༩༦༠ ལོ་རབས་ཀྱི་ནང་དུ་ཕྱག་བཏབ་ཅིང༌། འདི་ནི་བོད་དུ་བཞུགས་པའི་མཚུར་ཕུ་དགོན་ཕུད་རྒྱལ་དབང་ཀརྨ་པའི་གདན་ས་གཙོ་བོ་གཉིས་པ་ཡིན། དགོན་གནས་ནི་འབྲས་ལྗོངས་ཤར་ཕྱོགས་སུ་ཡོད་ཅིང་རྒྱལ་ས་སྒང་ཏོག་ལས་ཀི་ལོ་མི་ཊར་ ༢༤ སར་ཆགས་ཡོད།
གསར་འགོད་པ་རིག་འཛིན་ཆོས་སྒྲོན།