མི་ལོ་༡༦རིང་རྒྱ་ནག་གིས་བཙོན་འཇུག་བྱས་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་བསོད་ནམས་རྒྱལ་པོ་ལགས། ལྷ་ས་རུ་འདས་གྲོངས་སུ་གྱུར་ཡོད་པ།

སྤྱི་ལོ་༡༩༨༩ལོར་བོད་ཀྱི་རྒྱལ་ས་ལྷ་སུ་ཞི་བའི་སྒོ་ནས་རྒྱ་ནག་གཞུང་ལ་བོད་མི་སེར་སྐྱ་ཕོ་མོ་ཚོས་ངོ་རྒོལ་སྐད་འབོད་བྱེད་སྐབས། བསོད་ནམས་རྒྱལ་པོ་ལགས་སྐད་འབོད་སྣེ་ཁྲིད་པ་གཙོ་གྲས་ཡིན་འདུག

བོད་ཀྱི་ཆབ་སྲིད་བཙོན་ཟུར་བསོད་ནམས་རྒྱལ་པོ་ལགས། དབུས་གཙང་ཆོལ་ཁའི་ངོ་དེབ།

སྤྱི་ལོ་༡༩༨༧ལོར་བོད་ཀྱི་རྒྱལ་ས་ལྷ་སུ་ཞི་བའི་སྒོ་ནས་རྒྱ་ནག་གཞུང་ལ་བོད་མི་སེར་སྐྱ་ཕོ་མོ་ཚོས་ངོ་རྒོལ་སྐད་འབོད་བྱེད་སྐབས། ཞི་བའི་ངོ་རྒོལ་གྱི་སྣེ་ཁྲིད་པ་གཙོ་བོའི་གྲས་སུ་གྱུར་པ་བསོད་ནམས་རྒྱལ་པོ་ལགས་སུ། སྐབས་དེར་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་པ་དང་། བཙོན་གྲོལ་རྗེས་རྒྱ་གར་དུ་གནས་སྐོར་སོང་བའི་རྐྱེན་གྱིས་ལོ་གཅིག་གི་བཙོན་འཇུག་དང་། བོད་རང་སྐྱོང་ལྗོངས་ཟེར་བ་བཙུགས་ནས་ལོ་༤༠འཁོར་བའི་དུས་དྲན་མ་ཚུགས་གོང་། རྒྱལ་ཁབ་བདེ་འཇགས་ལ་གནོད་སྐྱོན་གྱི་ཉེས་འཛུགས་ཀྱིས་ལོ་༡༢བཙོན་འཇུག་བྱས་པ་བཅས། ཁྱོན་བསྡོམས་རྒྱ་ནག་གཞུང་གིས་མི་ལོ་༡༦རིང་བཙོན་འཇུག་ཁྲིམས་ཆད་ཁུར་མྱོང་བ། བོད་ཀྱི་ཆབ་སྲིད་བཙོན་ཟུར་བསོད་ནམས་རྒྱལ་པོ་ལགས། སྤྱི་ལོ་༢༠༢༣ཟླ་བ་༨པའི་ཚེས་༡༦ཉིན་བསྙུན་མནར་གྱིས་བོད་ཀྱི་རྒྱལ་ས་ལྷ་སར་དགུང་ལོ་༦༨སྟེང་དགོངས་པ་རྫོགས་ཡོད་པ་དང་། ཁོང་ལ་རྒྱ་ནག་གཞུང་གིས་བཙོན་ཁང་དུ་ཉེས་རྡུང་དང་མནར་གཅོད་ཚད་མེད་བཏང་བར་བརྟེན།  སྐུ་གཟུགས་གཅོད་ཅན་དུ་ཆགས་ཏེ་འདས་གྲོངས་སུ་གྱུར་པ་རེད་ཅེས། ཁོང་དང་ལྷན་ལས་འགུལ་ནང་མཉམ་ཞུགས་གནང་མྱོང་བ། ཆབ་སྲིད་བཙོན་ཟུར་ངག་དབང་འོད་འབར་ལགས་ནས་འགྲེལ་བརྗོད་གནང་གི་འདུག

གཞན་ཡང་ཆབ་སྲིད་བཙོན་ཟུར་ངག་དབང་འོད་འབར་ལགས་ནས་བསོད་ནམས་རྒྱལ་པོ་ལགས་ནི། ཁོང་ཚོ་འབྲས་སྤུངས་དགོན་པའི་གྲྭ་བ་དང་མི་སྐྱ་ཕོ་མོ་སོགས་ཀྱིས་སྤྱི་ལོ་༡༩༨༧ལོར་ཞི་རྒོལ་གྱིས། བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་སྒོ་འགྲམ་བར་འགྲོ་སྐབས་དེར། བསོད་ནམས་རྒྱལ་པོ་ལགས་སྐད་འབོད་སྣེ་ཁྲིད་པ་གཙོ་གྲས་ཡིན་པ་སོགས་འགྲེལ་བརྗོད་གནང་གི་འདུག

ཆབ་སྲིད་བཙོན་ཟུར་བསོད་ནམས་རྒྱལ་པོ་ལགས་ནི། ཕྱི་ལོ་༡༩༥༥ཟླ་བ་༦ཚེས་༡༤ཉིན་བོད་དབུས་ཀྱི་ལྷོ་ཁ་གོང་དཀར་དུ་འཁྲུངས་ཤིང་། ཕྱི་ལོ་༡༩༨༧ཟླ་བ་༩ཚེས་༢༧ཉིན་བོད་ཀྱི་རྒྱལ་ས་ལྷ་སར་འབྲས་སྤུངས་དགོན་པའི་དགེ་འདུན་པས་སྣེ་ཁྲིད་ཀྱི་ཞི་རྒོལ་ནང་མཉམ་ཞུགས་བྱས་རྐྱེན་ལོ་གསུམ་བཙོན་བཅུག་ཁྲིམས་ཐག་བཅད་ནས་གྲྭ་བཞི་བཙོན་ཁང་དུ་བཙོན་བཅུག་དང་། བཙོན་གྲོལ་ཐོབ་རྗེས་རྒྱ་གར་དུ་གནས་སྐོར་ཕྱིན་པའི་དབང་གིས་བོད་དུ་ཕྱིར་ལོག་བྱེད་སྐབས་འགྲམ་གྲོང་རྡལ་ནས་འཛིན་བཟུང་བྱས་ཏེ། ཁྲིམས་འགལ་ཐོག་རྒྱལ་མཚམས་བརྒལ་བའི་ཉེས་མིང་འོག་ལོ་གཅིག་རིང་བཙོན་འཇུག་ཁྲིམས་ཐག་བཅད་དེ། ཕྱི་ལོ་༡༩༩༢ཟླ་བ་༧པའི་ནང་ཆབ་སྲིད་ཀྱི་ཉེས་མིང་འོག་ལྷ་ས་གསང་ཡིབ་བཙོན་ཁང་དང་། དེ་རྗེས་གཞིས་རྩེ་ཉ་རི་བཙོན་ཁང་ནང་ལོ་གཅིག་རིང་བཙོན་བཅུག་བྱས་ཤིང་། སླར་ཡང་ཕྱི་ལོ་༢༠༠༥ལོའི་ཟླ་བ་༩པར་བོད་རང་སྐྱོང་ལྗོངས་ཟེར་བ་བཙུགས་ནས་ལོ་༤༠འཁོར་བའི་དུས་དྲན་མ་ཚུགས་གོང་ཕྱི་ལོ་༢༠༠༥ཟླ་༨པའི་ཚེས་༢༨ཉིན་ཁོང་གི་བཞུགས་གནས་ཁང་ཁྱིམ་སྔོག་བཤེར་བྱེད་སྐབས། ༸རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་སོགས་རྙེད་སོན་བྱུང་སྟབས། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱོན་བཏང་བའི་ཉེས་མིང་འོག་དུས་ཡུན་ལོ་༡༢ཁྲིམས་ཐག་བཅད་ནས་གྲྭ་བཞི་བཙོན་ཁང་དུ་བཙོན་བཅུག་དང་། ཕྱི་ལོ་༢༠༠༦ཟླ་བ་༡༡ཚེས་༦ཉིན་ཆུ་ཤུར་བཙོན་ཁང་དུ་གནས་སྤོས་བྱས་ཡོད་འདུག་པ་བཅས། ཁྱོན་མི་ལོ་༡༦རིང་རྒྱ་གཞུང་གི་བཙོན་ཁང་ནང་སྡུག་སྦྱོང་མནར་གཅོད་མྱོང་དགོས་གྱུར་ཡོད་པ་རེད།

 

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

 

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org