ཨ་མའི་རེ་སྨོན་ལྟར་ཤིང་རྟ་འདྲུད་ནས་ལྷ་སར་བསྐྱོད་པ།
ཨ་མ་ལོང་བ་ཞིག་གི་རེ་སྨོན་འགྲུབ་ཆེད་བུས་ཨ་མ་ཤིང་རྟ་ལ་འདྲུད་ནས་ལྷ་སར་བསྐྱོད་བཞིན་པ་ཀོང་པོ་རྒྱ་མདའ་ཁུལ་དུ་ཐོན་འདུག
-
2014-06-19 -
-
-
ཨ་མ་ལོང་བ་ཞིག་གི་རེ་སྨོན་འགྲུབ་ཆེད་བུས་ཨ་མ་ཤིང་རྟ་ལ་འདྲུད་ནས་ལྷ་སར་བསྐྱོད་བཞིན་པ་ཀོང་པོ་རྒྱ་མདའ་ཁུལ་དུ་ཐོན་འདུག
དེ་ཡང་འདི་གར་གནས་ཚུལ་འབྱོར་དོན། མདོ་སྨད་ཀླུ་ཆུ་ནས་ཡིན་པའི་ཨ་མ་པདྨ་མཚོ་ནི་ད་ལོ་དགུང་ལོ་༨༥ཡིན་པ་དང་། ཁོ་མོས་དུས་རྒྱུན་མ་ཎི་བཞིན་ཁ་ནས་བགྲང་པ་དང་། རྟག་ཏུ་རེ་སྨོན་བྱེད་བཞིན་པ་ནི་ཚེ་འདིར་ལྷ་སར་ཐེངས་གཅིག་ཐོན་ནས་ཇོ་བོ་རིན་པོ་ཆེར་མཇལ་རྒྱུ་དེ་ཡིན་མོད། ད་བར་ཁྱིམ་གྱི་འབྱོར་བ་ཞན་པ་དང་། མིག་ལོང་བ་ཡིན་སྟབས་རེ་བ་དེ་འགྲུབ་ཐུབ་མེད་པ་རེད། འོན་ཀྱང་ཉེ་བའི་སྤྱི་ལོ་༢༠༡༤ལོའི་ཟླ་༣པའི་ནང་ཁོང་མོའི་བུ་མགོན་པོ་བཀྲ་ཤིས་ཀྱིས་རང་གི་མའི་རེ་སྨོན་ལྟར། ཨ་མ་ཤིང་རྟ་ལ་བཞུགས་སུ་བཅུག་པ་དང་ཁོང་དང་ཁོང་གི་རོགས་པ་ཁ་ཤས་ཀྱིས་ཤིང་རྟ་དྲུད་ཏེ་ལམ་ཐག་སྤྱི་ལེ་༢༥༠༠ལྷག་གི་མདོ་དབུས་གཞུང་ལམ་ནས་ཉིན་བཞུད་མཚན་བཞུད་གནང་བ་དང་། ལྷག་པར་རི་ཆུ་སྟོང་ཕྲག་བརྒལ་བའི་དཀའ་བ་ཁྱད་བསད་ཀྱིས་ད་ལྟ་ལྷ་སའི་ཐག་ཉེ་ལ་འབྱོར་ཡོད་པ་རེད། འབྲེལ་ཡོད་ཡོད་མི་ཞིག་གིས་བརྗོད་དོན། ད་ལྟ་ཁོང་ཚོ་ལྷ་ས་དང་རྒྱང་ཐག་སྤྱི་ལེ་༢༠༠ཙམ་ཡོད་པའི་ཉིང་ཁྲི་ས་ཁུལ་གྱི་ཁོངས་ཀོང་པོ་རྒྱ་མདའ་ས་གནས་སུ་འབྱོར་ཡོད་པ་དང་། གང་མགྱོགས་ལྷ་སར་བདེ་ལེགས་ངང་འབྱོར་ནས་བར་ཆད་མེད་པར་ཇོ་བོ་རིན་པོ་ཆེར་མཇལ་ཐུབ་རྒྱུའི་རེ་བ་བྱེད་བཞིན་པ་བརྗོད་བྱུང་།
ཨ་མ་པདྨ་མཚོ་དང་བུ་མགོན་པོ་བཀྲ་ཤིས་གཉིས་ནི་མདོ་སྨད་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་ཀ་ཤུལ་རུ་ཁག་དང་པོ་ནས་ཡིན་པ་དང་། མགོན་པོ་བཀྲ་ཤིས་དགུང་ལོ༥༨ཡིན་པ་རེད།
སྤྱིར་མདོ་སྟོད་སྨད་ཕྱོགས་ནས་བོད་མི་ཚོ་ལྷ་སར་ཇོ་མཇལ་ལ་བསྐྱོད་རྒྱུ་ནི་མི་ཚེ་ནང་གི་ལས་དོན་གལ་ཆེན་ལ་བརྩི་སྲོལ་ཡོད་པ་དང་། ལྷག་པར་མདོ་སྟོད་སྨད་ནས་རྐང་ཐང་དང་། ཡང་ན་རྐྱང་ཕྱག་འཚལ་བཞིན་ལྷ་སར་ཇོ་མཇལ་ལ་བསྐྱོད་མཁན་མང་པོ་ཡོད་པ་རེད།
གསར་འགོད་པ་ཀླུ་འབུམ།